R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༨ན
[A:༡༩༨ན]གཤེད་དམར་ལྷ་བཅུ་གསུམ་མའི་དབང་གསན་པའི་དུས་སུ། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་མངོན་སུམ་དུ་ཡུན་རིང་དུ་གཟིགས་ནས། ཆོས་རྗེ་བླ་མ་དམ་པ་ཉིད་ལ་སངས་རྒྱས་དངོས་ཀྱི་དད་གུས་མཛད་པ་ཡིན་ནོ་ཞེས་བཤད་པ་ཡིན། གཞན་ཡང་རྗེ་རང་ཉིད་ཀྱིས་ཡབ་ཏ་དབེན་ཆོས་ཀྱི་རྒྱལ་མཚན། བླ་ཆེན་བསོད་ནམས་བློ་གྲོས། བདག་ཆེན་གཞི་ཐོག་པ་ཀུན་དགའ་རིན་ཆེན། བླ་ཆེན་ཀུན་དགའ་རྒྱལ་མཚན། ཆོས་རྗེ་མ་ཏི་པཎ་ཆེན། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་བུ་སྟོན། མཁས་གྲུབ་འཕགས་པ་བསོད་ནམས་རྒྱལ་མཚན། བླ་མ་རིན་ཆེན་རྡོ་རྗེ། འཇག་ཆེན་བྱམས་པ་དཔལ། ལོ་ཆེན་བྱང་ཆུབ་རྩེ་མོ། བླ་མ་ཁྱུང་པོ་ལྷས་པ། ཆོས་ལུང་མཁན་ཆེན་རྒྱལ་བ་བཟང་པོ་ལ་སོགས་པ་མཁས་ཤིང་གྲུབ་པ་བརྙེས་པའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་ཞིག་གུས་པ་ཆེན་པོས་བསྟེན་ནས། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ནས་རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་ལེགས་པར་བརྒྱུད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོ་ཆ་ལག་དང་བཅས་པ་སོགས། དཔལ་དགེས་པ་རྡོ་རྗེའི་ཆོས་སྐོར་ཡོངས་སུ་རྫོགས་པ་རྣམས་དང་། སློབ་དཔོན་ཆེན་པོ་ལཱུ་ཧི་པ། རྡོ་རྗེ་དྲིལ་བུ་པ། ནག་པོ་སྤྱོད་པའི་རྡོ་རྗེ་སྟེ་གྲུབ་ཆེན་དེ་གསུམ་ནས་རིམ་པ་བཞིན་དུ་བརྒྱུད་པའི་འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ་དུ་གྲགས་པའི་ཆོས་སྐོར་ཡོངས་རྫོགས། པཎྜི་ཏ་བཙུན་མོ་ཅན། མངོན་ཤེས་ཅན། ནག་པོ་དམ་ཚིག་རྡོ་རྗེ་གསུམ་གྱིས་འགོས་