R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༢ན
[A:༡༩༢ན]དང་། གཞན་ཡང་སྒྲུབ་ཐབས། དཀྱིལ་ཆོག བྱིན་རླབས་ཀྱི་ཡི་གེ་སོགས་དང་། འཇིགས་བྱེད། བདེ་མཆོག ཀྱེ་རྡོར། དམར་པོ་སྐོར་གསུམ་རྣམས་ཀྱི་ཆོས་སྐོར་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་ཆོས་སྐྱོང་སྐོར་གྱི་འཁུ་ལྡོག་སྤོང་བའི་ཡི་གེ བསྙེན་པའི་ཡི་གེ སྤོགས་ཆོག་གི་ཡི་གེ བཀའ་བསྒོ། བཀྲ་ཤིས། མཆོད་གཏོར་འབུལ་ཚུལ་གྱི་ཡི་གེ་སོགས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་བགྲང་བ་ལས་འདས་པ་ཞིག་མཛད་ནས་གསང་ཆེན་ཟབ་མོའི་བསྟན་པ་མཆོག་ཏུ་གསལ་བར་མཛད་པ་ནི་ཆེས་ངོ་མཚར་བའི་རྣམ་པར་ཐར་པར་སྣང་ངོ་། །དེ་ལྟར་དམ་པ་འདིས་བསྟན་འགྲོའི་དོན་སོ་སྐྱེའི་བློས་དཔག་པར་དཀའ་བ་ཞིག་མཛད་ནས་ཞིང་འདི་ཉིད་ཀྱི་གདུལ་བྱའི་དོན་རྒྱ་ཆེན་པོ་གྲུབ་པར་དགོངས་ཏེ། ཞིང་ཁམས་གཞན་དུ་འབྱོན་པ་དང་ཉེ་བའི་སྟོན་གྱི་དུས་སུ་སྐྱེད་ལྷས་ཀྱི་སེ་འབྲུ་རྣམས་ཀྱང་ཆེར་མ་སྐྱེས་ཤིང་། སྐྱེས་པ་རྣམས་ཀྱང་དེ་མ་ཐག་སྐམ་འགྲོ་བ་དང་། དེའི་དགུན་ཤིན་ཏུ་གྲང་བའི་དུས་སུ་གྲོམ་པའི་ཆུ་ཆེར་རྒྱས་ནས་བླ་བྲང་ཟམ་འོག་ཏུ་མ་ཤོང་བར་ཚོགས་ཆེན་པོར་ལུད་པ་དང་། ས་ཆེན་པོ་འདི་ཡང་ནས་ཡང་དུ་གཡོས། དུས་མ་ཡིན་པའི་སྒྲ་གྲག་པ་དང་། འོད་འཁྱུག་པ་ལ་སོགས་པའི་ལྟས་དུ་མ་བྱུང་བས་སྐྱེ་བོ་གཞན་རྣམས་ཐེ་ཚོམ་དུ་གྱུར་ཏེ། དེ་སྐབས་སུ་སྐུ་ཁམས་ཅུང་ཟད་མ་བདེ་བ་ན། རྗེའི་གསུང་གིས་དགེ་སློང་དོན་རྒྱལ་ལ། བཙུན་པ་ཤི་བའི་ཤུལ་དུ་ནོར་མང་པོ་ལུས་པ་འདི་དོན་དུའང་མི་འགྱུར་ཞིང་། འཇིག་རྟེན་པ་རྣམས་ཀྱིས་ཀྱང་འཕྱར་ཀའི་གནས་སུ་བྱེད་པས། དངོས་པོ་ཐམས་ཅད་དགེ་འདུན་གྱི་ཞབས་ཏོག་ལ་ཐོང་གསུང་བའི་ཞལ་ཏ་