R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༢བ
[A:༡༩༢བ]གནང་། དེ་ནས་སྐྱེད་ལྷས་ནས་གདན་ས་ཆེན་པོ་འདིར་ཕེབས་ཏེ། གདན་ས་བཀའ་བགྲོས་པ་རྣམས་ཀྱིས་སྐུ་རིམ་རྒྱ་ཆེན་པོ་བསྒྲུབས་ཤིང་། སྨན་དཔྱད་ལ་སོགས་པ་རྗེའི་ཞབས་ཏོག་རྒྱ་ཆེན་པོ་བསྒྲུབས། དེ་དག་གི་སྐབས་སུ་རྗེ་ཉིད་ནི་ཐུགས་བདེ་ཉམས་ཤིན་ཏུ་ཆེ་ཞིང་། ནང་དུ་ཟག་མེད་ཀྱི་ཡེ་ཤེས་ཐུགས་རྒྱུད་ལ་འཁྲུངས་པའི་རྟགས་སུ་ཧ་ཧ་ཧི་ཧི་ལ་སོགས་པ་ཉམས་མནན་པས་མི་ནོན་པ་ཕྱི་རོལ་ནས་ཐོས་པ་བྱུང་བ་དང་། གཞན་ཡང་བླ་མ་ཡི་དམ་ཆོས་སྐྱོང་ལ་སོགས་པ་དག་པའི་གཟིགས་སྣང་མང་པོས་དུས་འདའ་བ་བྱུང་ཞིང་། ལྷག་པར་ལན་ཅིག་གི་ཚེ་ཡུན་རིང་པོར་སྤྱན་ནམ་མཁའ་ལ་ཆེར་གཟིགས་ནས། འོ་མི་རྣམས་ཀྱིས་ང་ལ་ཁོ་ཆོས་ཀྱི་རྒྱལ་པོ་ལ་མི་མོས་ཟེར་ཨེ་བདེན་པར་འདུག ཆོས་ཀྱི་རྒྱལ་པོས་ང་ལ་ཐུགས་རྗེས་འཛིན་པར་ངེས། ད་ལྟ་རང་རྗེ་བཙུན་ཆེན་པོ་དང་། ཆོས་ཀྱི་རྒྱལ་པོ་དང་། རྗེ་བཙུན་འཇམ་དབྱངས་ཆེན་པོ་རྣམས་སྐུ་འོད་མེར་མེར་ནམ་མཁའི་མཐོངས་ན་བཞུགས་འདུག་གསུང་བ་དང་། ལན་ཅིག་ཆག་ཕྱི་བ་དུ་མ་དང་ཚ་མདའ་ནས་ཀྱི་འཚོ་བྱེད་དེ་དྲུང་ན་ཡོད་པའི་སྐབས་སུ་ནུབ་ཕྱོགས་ཕ་གི་ན་འོད་འཁྱིལ་ལེ་བ་ཅིག་འདུག ཁྱེད་རྣམས་ཀྱིས་ཨེ་མཐོང་གསུང་བ་དང་། ཡང་ལན་ཅིག་འཚོ་བྱེད་དེ་ལ། འཚོ་བྱེད་ཁྱེད་ཀྱི་ཡིད་ལ་མཁའ་འགྲོ་མ་འདི་རྣམས་ཀྱིས་ད་ལྟ་རང་གདན་འདྲེན་པ་འདྲ་བསམ་པ་ཨེ་འདུག དེ་འདྲ་མི་དགོས་ག་ལེ་བྱས་ནས་གདན་དྲངས་ཏེ་འགྲོ་ཡིས་གསུང་བ་ལ་སོགས་པ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་སོགས་གཟིགས་པའི་ཉམས་ཀྱི་གསུང་འབའ་ཞིག་གསུངས་ཤིང་། དེ་ལྟར་ངོ་མཚར་བའི་རྣམ་འཕྲུལ་དུ་མ་ཞིག་གཟིགས་