R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༡བ
[A:༡༩༡བ]བསམ་གྱིས་ཁྱབ་པ་ཞིག་བསྐྲུན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་དུ་ཆེས་ཆེར་གསལ་བར་མཛད་པ་ཡིན་ལ། རྩོད་པ་དངོས་སྟོབས་ཀྱི་རིགས་པས་ལོག་སྨྲ་སུན་དབྱུང་བའི་ཚུལ་ནི། གསུང་ངག་ལམ་འབྲས་ཀྱི་བརྒྱུད་འཛིན་རྫོང་ལུགས་པ་འགའ་ཞིག་གི་བཞེད་པ། སྣང་གསུམ་ཁྲིད་ཀྱི་སྔོན་དུ་རྒྱུ་དུས་ཀྱི་དབང་ངེས་པར་འགྲོ་དགོས་པ་རྣལ་འབྱོར་དབང་ཕྱུག་བརྒྱུད་པ་དང་བཅས་པ་མཐའ་གཅིག་ཏུ་བཞེད་པ་ཡིན་ཞེས་སྨྲ་བ་དང་། ཁ་ཅིག་གིས་མངོན་པར་རྟོགས་པ་ཚུལ་བཅོ་ལྔ་པོ་ངོས་འཛིན་པའི་སྐབས་སུ། ལེའུ་བརྒྱད་པ་ནས་གསུངས་པའི་ཡུམ་གྱི་མངོན་རྟོགས་དེ་འདྲེན་པ་རྣམས་ལ་དངོས་སྟོབས་ཀྱི་རིགས་པ་ཕུལ་དུ་བྱུང་བ་དང་། དེའི་རྒྱབ་བརྟེན་དུ་རྗེ་བཙུན་ཆེན་པོའི་གསུང་རྣམས་ཡིད་ཆེས་ཀྱི་ལུང་དུ་མཛད་དེ། མདོར་ན་ལན་གྱིས་བཟློག་པར་མི་ནུས་པའི་ལུང་རིགས་རྣམས་ཀྱིས་སྒོ་ནས་གྲུབ་མཐའ་མི་འདྲ་བ་རྣམས་སུན་བྱུང་ནས། བསྟན་པའི་སྙིང་པོ་གསལ་བར་མཛད་པ་ཡིན་ཅིང་། ཡང་རྩོམ་པ་མཛད་པའི་ཚུལ་ནི། བདག་ཉིད་ཆེན་པོ་ས་པཎ་གྱིས་རང་གི་བརྗོད་པ་བདེ་ཞིང་གཞན་གྱིས་རྟོགས་པར་སླ་བ། གཉིས་ཀའི་རྣ་བར་སྙན་པ་ཞིག་སྡེབ་སྦྱོར་གྱི་གཙུག་ལག་ཤེས་པ་ལས་འབྱུང་བས་ཞེས་གསུངས་པ་ལྟར་གྱི་དོན་རྣམས་ཡོངས་སུ་ཚང་བའི་གསུང་རབ་ཀྱི་ཚོགས་ཀྱང་། སེམས་དཔའ་ཆེན་པོའི་བསྟོད་པ། ཡབ་འཇམ་དབྱངས་ཆེན་པོ་ལ་བསྟོད་པ་ལ་སོགས་པ་བསྟོད་པ་དང་གསོལ་འདེབས་ཀྱི་སྐོར་དུ་མ་དང་། གསུང་ངག་གི་ཁྲིད་ཡིག བརྡ་དོན་གསལ་བའི་ཁྲིད་ཡིག དམ་ཚིག་གི་རྣམ་བཤད་འཁྲུལ་སྤངས་རབ་གསལ་ལ་སོགས་པ་ཁྲིད་ཡིག་དང་རྣམ་བཤད་ཀྱི་སྐོར་མང་པོ་