R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༤བ
[A:༡༨༤བ]རྟགས་མངོན་སུམ་དུ་མཐོང་བ་ལ་བརྟེན་ནས་སྙན་པའི་གྲགས་པས་ས་སྟེང་ཁྱབ་པར་གྱུར་ཅེས་ཀྱང་ཁུམས་སོ། །ཡང་ལན་ཅིག་རྨ་ཁམས་ཕྱོགས་ལ་ཐེགས་པའི་རྨ་ཆུ་གཙང་པོ་ཞེས་བྱ་བའི་ཆུ་ཀླུང་ཤིན་ཏུ་ཆེ་བ་ཞིག་གི་རྩར་སྒར་པ་སྔོན་མ་རྣམས་སླེབས་ནས་དེར་སྡོད་པའི་གྲབས་བྱས་པ་ན། རྗེ་ཉིད་རྗེས་སུ་ཕེབས་ནས་ད་ལྟ་ཆུ་ལ་འགྲོ་བའི་གྲབས་ཀྱིས་ཕེབས་པ་ན། ཆག་ཕྱི་བ་རྣམས་ཀྱིས་མགྲིན་གཅིག་ཏུ་དོ་ནུབ་ཐང་ཡང་ཆད། ཉི་མ་ཡང་ཕྱི་མོར་སོང་འདུག་པས་འདི་ཁར་བཞུགས་ན་ལེགས་པ་འདྲ་ཞེས་ནན་གྱིས་ཞུས་ཀྱང་མ་གསན་པར་མཆོད་གཡོག་པ་ནམ་ཤེས་ལ་མགོན་པོའི་གཏོར་མ་གཅིག་ད་ལྟ་འཆོས་ལ་ཆུ་འདི་ལ་རྒྱོབ་གསུངས་པའི་བཀའ་ལུང་མཛད་པ་ན། ཁོང་གིས་ཀྱང་དེ་བཞིན་བྱས་པས་ཆུ་ལ་ཆེ་ཆུང་དུ་མངོན་པ་གང་ཡང་མ་བྱུང་། དེར་རྗེས་རྗེ་ཉིད་ཀྱིས་གཏོར་མ་གཅིག་ཆུ་ལ་གནང་བ་ན། ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཆུར་འཕངས་པ་ལྟར་སྒྲ་འཇིགས་སུ་རུང་བ་བྱུང་ཞིང་། ཆུ་དེ་ཡང་དེ་མ་ཐག་སུམ་གཉིས་དྲི་བ་ཙམ་སོང་། དེར་རྗེ་རང་གིས་ཆུ་དེ་ལ་སྔོན་ལ་ཕེབས་ཤིང་། དེར་རྗེས་གཞན་རྣམས་ཀྱང་བར་ཆད་མེད་པར་ཕ་རོལ་ཏུ་སླེབ་པ་ཙམ་ན། ཆུ་དེ་སྔར་བས་ཀྱང་བཅུ་འགྱུར་གྱིས་ཆེ་བ་ཙམ་དུ་སོང་བས། ཐམས་ཅད་ངོ་མཚར་ཞིང་བློ་བདེ་བར་གྱུར། དེ་ནས་རྗེའི་གསུང་གིས་མགོན་པོ་ལ་གཏང་རག་གི་མཆོད་གཏོར་ཕུལ་ཐམས་ཅད་བདེ་བར་སྡོད་གསུངས། དེའི་རྒྱུ་མཚན་ཡུལ་ཕྱོགས་དེ་ན་གནས་པའི་སྐྱེ་བོ་རྣམས་ཀྱིས་ཐོས་པ་ན། སྔར་རྨ་ཆུ་གཙང་པོ་ལ་སུས་ཀྱང་རབ་མ་འཐོན་པ་ལ་ད་ལན་འདི་འདྲ་བའི་རབ་འདོན་པ་འདི་ལྟ་བུ་སུ་ཞིག་ཡིན་ནམ་ཞེས་ཐམས་ཅད་འཇིགས་ཤིང་ཧ་ལས་ནས་