R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༥ན
[A:༡༨༥ན]ངོ་མཚར་བའི་གཏམ་དུ་གླེང་བར་བྱེད་དོ། །དེ་ནས་ཡང་ཡུལ་ཕྱོགས་གཞན་ཞིག་ཏུ་བྱོན་པ་ན། བོན་པོ་གདུག་པ་ཅན་འགའ་ཞིག་གིས་སྔར་གྱི་ལོ་རྒྱུས་རྣམས་ཐོས་པས་ཞེ་འཇིགས་ཀྱང་ཕྲག་དོག་གི་དབང་གིས། དཔོན་སློབ་རྣམས་ལ་སྔར་ཐོག་ལམ་རྒྱུན་པར་ཡོད་པའི་ས་ཤིན་ཏུ་གཉན་པ། སུ་ཡང་སྡོད་མི་ནུས་པ་ཞིག་ཏུ་སྒར་ཁུང་བསྟན་ཏེ་དེར་བཞུགས་པ་ན། སྲོད་ཐུམ་པ་ནས་སྤྲིན་ནག་འདུས་འབྲུག་སྒྲ་ཤིན་ཏུ་དྲག་པོ་དང་། གློག་ཕྲེང་རྒྱུན་མ་ཆད་པར་ཐོ་རངས་ཀྱི་བར་དུ་བྱུང་ཞིང་། མི་མ་ཡིན་གྱི་ཆོ་འཕྲུལ་སྦལ་པ་ནག་པོ་ཤིན་ཏུ་ཆེ་བ་འཇིགས་སུ་རུང་བ་གཅིག་ཆ་ཐེར་གྱི་ནང་དུ་བྱུང་བ་ལ། རྗེ་ཉིད་ཀྱིས་ཁྲོ་བཅུའི་སྲུང་འཁོར་དང་། བདེ་མཆོག་གི་གོ་ཆ་དྲུག་ལ་བརྟེན་པའི་སྲུང་འཁོར་གདུག་རྩུབ་མ་ཞིའི་བར་དུ་མཛད་ཅིང་། དེ་ནས་ཞག་འགའ་ཡར་གྱི་བར་གང་ཕེབས་པར་སྤྲིན་ནག་པོ་བྱ་ར་བྱེད་པའི་རྣམ་པ་བྱུང་བ་དེ་ཇེ་འགྱངས་ཇེ་འགྱངས་སུ་སོང་ཞིང་ཐོག་ལ་སོགས་པ་བར་ཆད་ཀྱི་རྣམ་པ་གང་ཡང་མ་བྱུང་བས། དེར་གནས་པའི་མི་ཀུན་གྱིས་གནས་འདིར་བཞུགས་ཚུགས་པ་འདི་པ་དཔོན་སློབ་ལས་མ་བྱུང་ཟེར་ཞིང་། ཐམས་ཅད་ཧ་ལས་པས་ཐུན་མོང་མ་ཡིན་པའི་དད་པ་ཐོབ་པར་གྱུར་པ་ལ་སོགས་པ་མཐུ་སྟོབས་ནུས་པ་བསམ་གྱིས་མི་ཁྱབ་ཅིང་གདུལ་བྱ་གང་ལ་གང་འདོད་ལ་ཆོས་ཀྱི་དགའ་སྟོན་སྩོལ་བཞིན་པར་ཁམས་ཀྱི་སྟོད་སྨད་བར་གསུམ་དུ་ལོ་གསུམ་ཡར་མར་ལོ་གཉིས་ཏེ་ཀུན་དྲིལ་བས་ལོ་ལྔའི་བར་དུ་ཁམས་ཕྱོགས་ཀྱི་འགྲོ་བ་རྣམས་ཐར་པའི་ལམ་ལ་འགོད་པར་མཛད་པ་ཡིན་ཞེས་བཤད་ལ། དེ་ནས་ཁམས་ཕྱོགས་ཀྱི་དད་པ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་