R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༤ན
[A:༡༨༤ན]ཕེབས་པའི་ཆིབས་ཁ་བསྒྱུར་ཏེ། ལམ་བར་རྣམས་སུ་ཡང་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ཅིང་རིམ་གྱིས་ཕེབས་པ་ན། སྔར་གཅེན་རྒྱ་དཀར་ཤེས་རབ་རྒྱལ་མཚན་གྱིས་ཁམས་ཕྱོགས་ལ་ཕེབས་པའི་དུས་སུ་བཏབ་པའི་དགོན་པ་དོན་གྲུབ་གླིང་ཞེས་བྱ་བར་སྤྱན་དྲངས་ཏེ་ཕེབས་པའི་ཚེ། དུས་ཕྱིས་ས་ཕྱོགས་དེར་ས་སྐྱ་པའི་གདུང་བརྒྱུད་སོགས་འབྱོན་བཞུད་ཉུང་བའི་སྟབས་ཀྱིས་མི་བདག་བདག་ཏུ་རེ་བའི་རློམ་སེམས་ཅན། ཡུལ་དེ་ནས་ཕ་ཚད་ཕྱིན་པ་ན་ཀརྨ་པའི་སྒར་པ་དཔོན་སློབ་ཚན་གཅིག་ཡོད་པ་རྣམས་ཀྱིས། རྗེ་ཉིད་དེར་ཕེབས་པ་ལ་ཕྲག་དོག་གིས་ཀུན་ནས་བསླངས་པའི་སྐུར་ཞུས་སོགས་མི་དད་པའི་རྣམ་འགྱུར་མང་པོ་བྱས་པ་དང་། དེར་གནས་པའི་གྲྭ་པ་རྣམས་ཀྱིས་མ་བཟོད་དེ། ས་སྐྱ་པ་མཐུའི་བདག་པོ་ཡིན་པས་ད་ལན་བསྟན་པ་ལ་དགོངས་ནས་འདི་རྣམས་ལ་མཐུའི་རྟགས་ཐོན་པ་ཅིག་ཅིས་ཀྱང་མཛད་དགོས། དེ་བཞིན་མ་མཛད་ན་ཕྱིན་ཆད་ཕྱོགས་འདིར་ས་སྐྱ་པའི་སྒྲ་ཙམ་མི་གྲག་པ་ཅིག་ཡོང་ཞེས་ཡང་ཡང་ནན་བསྐྱེད་ནས་ཞུས་པ་ལ་བརྟེན་ནས། ཁོང་རྣམས་ལ་ཞག་བདུན་གྱི་དུས་བཏབ་ནས་དཔོན་སློབ་བདུན་གྱིས་པུ་ཏྲ་ལ་བརྟེན་པའི་ལས་སྦྱོར་ཞིག་མཛད་པ་ན། ཞག་གསུམ་སོང་བའི་ནུབ་མོ་སྒྲུབ་ཁང་དུ་འོད་འཁྱུག་པ་དང་། ཐོག་འཚེག་པ་དང་། འབྲུབ་ཁུང་དུ་ལིངྒ་སྐད་ངན་འདོན་པ་སོགས་ནང་རྟགས་ཀྱི་ཆོ་འཕྲུལ་སྣ་ཚོགས་ཞིག་བྱུང་ཞིང་། །དེ་དུས་ཀརྨ་པའི་སྒར་དེའི་དཔོན་འོག་མ་བཀའ་བགྲོས་པ། རྗེ་ཉིད་ལ་སྐུར་ཞུས་བྱེད་པའི་གཙོ་བོ་གཅིག་ཡོད་པ་དེ་རྒྱུ་མ་རུལ་ནས་ཉམ་ཐག་པའི་སྐད་འདོན་ཞིང་ཚེའི་དུས་བྱས། དེ་ལྟར་དྲག་པོའི་ལས་ཀྱི་