R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༣ན
[A:༡༧༣ན]དུ་ཆུད་ནས་ཞལ་རས་ལ་ཅུང་ཟད་ཅིག་བལྟས་པས། ཆོས་རྗེའི་ཐུགས་ཀྱིས་མཁྱེན་ནས། ད་དུང་ཞག་གསུམ་མི་སྐྱོན་པ་ཡོད་གསུངས། དེ་ནས་ཟླ་བ་དེ་ཁའི་ཉི་ཤུ་ལྔའི་སྔ་དྲོ་དྲུང་ན་གནས་པ་རྣམས་ཀྱིས་གསོལ་བ་སོགས་ལ་ནན་ཇི་ཙམ་ཞུས་ཀྱང་། འོ་དེ་རིང་ཡེ་མི་བཟའ། སང་ནས་ཁྱེད་རྣམས་གང་ཟེར་ཟོས་པས་ཆོག་གསུངས་ནས་གཏན་གསན་དུ་མ་འདོད། དེ་ནས་ཟླ་བ་དྲུག་པའི་ཉི་ཤུ་ལྔའི་སྔ་དྲོ་ས་ཆེན་པོ་འདི་ཡང་རབ་ཏུ་གཡོས། ནམ་མཁའ་ལས་སྒྲ་དང་རོལ་མོའི་སྒྲ་ཡང་མང་དུ་གྲག་ཅིང་། ཁྱད་པར་སྐྱིད་སྨད་ཕྱོགས་ན་གནས་པ་ཐམས་ཅད་མཐུན་སྣང་དུ་གྲུབ་པར། བསམ་ཡས་ཀྱི་ཐད་ཀ་ཙམ་དུ་ཡིད་གདུང་བར་བྱེད་པའི་སྒྲ་ཞིག་གསལ་བར་ཐོས་པས་སྐྱེས་བུ་ཆེན་པོ་དེ་མི་བཞུགས་པའི་ལྟས་སུ་གོ་ཞིང་། གཞན་ཡང་དེའི་ཉིན་སྔོན་ཆད་སུས་ཀྱང་ཚོར་མ་མྱོང་བའི་དྲི་ཞིག་ཀྱང་ཀུན་གྱི་མཐུན་སྣང་དུ་གྲུབ་པར་ཚོར་བར་བྱུང་སྟེ། དེ་ནས་ཉི་ཤུ་ལྔའི་ཉི་མ་ཕྱེད་ཙམ་ལ་མཆོད་པ་དང་གཏོར་མ་བཟང་པོ་ཤོམ་གསུངས་པ་ལ། དྲུང་ན་གནས་པ་རྣམས་ཀྱིས་བཀའ་བཞིན་བཤམས་པས། སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བྱིན་རླབས་རྒྱས་པར་མཛད། ཡི་དམ་མང་པོ་ལ་སྔགས་དང་ཕྱག་རྒྱ་མང་པོ་མཛད་ནས་ཕུལ་ཏེ། གསོལ་འདེབས་དང་སྨོན་ལམ་མང་པོ་ཞིག་མཛད་ནས་དགོངས་མོའི་ཆ་ལ་བབས་པ་ན། དོ་ནུབ་མར་མེ་གསལ་པོ་གྲབས་ཀྱིས་ཁྱེད་རྣམས་ལ་བྲེལ་བ་ཅིག་ཡོང་ཉེན་ཡོད་གསུངས་ཤིང་ཇི་སྲིད་སྙུང་བའི་ཚེ་ཡང་ཐུགས་དམ་གྱི་རིམ་པ་རྣམས་ཆག་པའི་སྐབས་མ་མཆིས་ཤིང་། ཁྱད་པར་ཉེར་ལྔའི་དགོངས་ཕྱོགས་ཀྱི་ཚེ་རྒྱུན་གྱི་ཐུགས་དམ་གྱི་རིམ་པ་རྣམས་