R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༢བ
[A:༡༧༢བ]སུ། ཞག་ཁ་ཅིག་ཉིན་མཚན་ཀུན་ཏུ་ཆོས་རྗེ་ཉིད་ལྟ་སྟངས་ལ་འབྱམས་འགྲོ་བ་ཅིག་འདུག་པ་མཐོང་བས། དྲུང་པ་མནལ་དུ་སོང་བ་མ་ལགས་སམ་ཞུས་པས། དེ་མིན་དག་པའི་སྣང་བ་འདྲ་ལ་འབྱམས་པ་ཡིན་གསུངས་པ་དང་། ཁོང་གིས་དེ་རྣམས་ཇི་ཙམ་ནས་བྱུང་ལགས་ཞུས་པས། ཕྱག་གཡོན་པ་བཏེག་མཛད་ནས་ཁ་སིང་སྔ་མོ་ནས་བྱུང་གསུངས་པའི་བརྡ་ཅིག་མཛད་ཅིང་། གཞན་ཡང་དེར་ཞུས་ན་ངོ་མཚར་བ་མང་པོ་གསུངས་པའི་རིགས་སུ་འདུག་ཀྱང་སྐུ་ཤིན་ཏུ་དུབ་པས་ཁོང་གིས་ཞུ་མ་སྤོབས་ཞེས་གྲགས་ལ། དེ་ནས་ཉི་ཤུ་གཉིས་ཀྱི་སྔ་དྲོ་དགེ་བཤེས་རྒྱལ་བཟང་གིས། ད་རང་གསོལ་བ་བཏབ་ཀྱང་མི་ཐེབས་པ་འདུག་པས་ཞལ་ཏའི་བཀའ་ཆེམས་ཞིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། དེ་ཐམས་ཅད་འཁྲུལ་སྣང་ཡིན་པས་དགོས་པ་མེད་གསུངས་ནས་མ་གནང་། སླར་ཡང་ནན་གྱིས་ཞུས་པ་ན། འོ་ན་རུང་གསུངས་ནས་དྲུང་ན་གནས་པ་ཀུན་ལ་འདི་ཕྱིར་ཕན་པའི་བསླབ་བྱ་དུ་མ་ཞིག་དང་། ཁྱད་པར་དུ་ངས་ལོ་བཅུ་བདུན་པ་ལ་རབ་ཏུ་བྱུང་ནས་ད་ལྟ་ཕན་ཆད་ལ་འདུལ་ཁྲིམས་འདི་ལ་ཤིན་ཏུ་ཡིད་ཆེས་པར་ཡོད་པས། ང་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཐམས་ཅད་ཡིད་ཆེས་བརྟན་དུ་རུང་བ་ཡོད་ཅེས་ནན་ཏན་དུ་གསུངས་ཤིང་། གཞན་ཡང་ཐུགས་དགོངས་ཀྱི་སྙིང་པོ་གདན་ས་ཆེན་པོར་བླ་མ་གོང་མའི་དུས་མཆོད་རྣམས་མ་ཆག་པར་སྒྲུབས་ཞེས་གསུངས་ཤིང་། དེ་ནས་ཉེར་གསུམ་གྱི་སྔ་དྲོའི་དུས་སུ་གསོལ་ཇ་བ་བསོད་ནམས་འཕེལ་གྱིས་གསོལ་འཇམ་ཞིག་ཞུ་བར་ཕྱིན་པའི་ཚེ། སྐུ་ཉམ་ཤིན་ཏུ་ཆུང་བར་སོང་བ་མཐོང་ནས། ད་དོ་སྲོད་ཙམ་ལས་མི་བཞུགས་པ་འདྲ་སྙམ་སེམས་ཁོང་