R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦༣ན
[A:༡༦༣ན]མེད་ནའང་། ཉིན་གཅིག་མཁན་ཆེན་པའི་གསུང་གིས། ངས་ཞི་བྱེད་ཀྱི་སྐོར་རྣམས་ང་རང་གི་ཁུ་བོ་ལ་ཐོབ་གསུངས་པས་རྐྱེན་བྱས་ནས་ཞུ་བའི་འདུན་པ་བྱུང་སྟེ་ཞུས་པ་དེ་ལ་ལྟ་བ་འདྲ་གསུངས་པ་དང་། གཞན་ཡང་ཆོས་ཀྱི་རྒྱལ་པོ་འཕགས་པ་ལ་སོགས་པ་བླ་མ་གོང་མ་དུ་མའི་ཞལ་གཟིགས་ལུང་བསྟན་དབུགས་འབྱུང་ཞིང་། ཡང་བླ་མ་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་སྐུ་གཤེགས་ནས། རྒྱལ་པོས་བླ་མ་འདི་སྤྱན་འདྲེན་གྱི་གསེར་ཡིག་པ་བྱུང་བའི་སྐབས་ཤིག་ན། དེའི་གནས་ཚུལ་གསན་པས་ས་སྐྱ་ན་ཆོས་གསུངས་འཕྲོ་ལ་སུས་ཀྱང་མ་ཚོར་བར་ཕྱོགས་གཞན་དུ་འབྱོན་པར་བརྩམས་ཏེ་ཁའུའི་ལམ་བརྒྱུད་ནས་དགས་པོར་བྱོན་པ་ན། ཁའུའི་ཉིན་ཁ་བ་ཆེན་པོ་བབས་པའི་ལམ་ཁ་ན། སྤྱང་ཀིས་ཕྱིན་རྗེས་འདྲ་བ་སེམས་ཅན་གང་ཡིན་མི་ཤེས་པ་ཅིག་གི་རྗེས་ཤིག་འདུག་པ་དེ་བརྩད་ནས་བྱོན་པས། དེའི་ཉིན་ནས་བཟུང་སྟེ་དགས་པོར་མ་བྱོན་གྱི་བར་དུ་སེམས་ཅན་དེའི་རྗེས་དེ་འདུག་པ་ལ་བྱོན་པས་ལམ་བདེ་བར་བྱུང་། དེ་རང་ཆོས་སྐྱོང་གི་རྣམ་འགྱུར་ཅིག་ཅིས་ཀྱང་ཡིན་པའི་རིགས་སུ་འདུག་ཅེས་གསུངས་ཤིང་། ཡང་ལན་ཅིག་ཆོས་རྗེ་བླ་མ་འདིས་འཕན་ཡུལ་གྱི་གྱོག་ནང་དུ་ཞག་མལ་མཛད་པའི་ནུབ་མོ། ཆོས་རྗེ་རང་དང་དཔོན་ཡིག་མཉྫུ་ཤྲཱི་གཉིས་སྤེལ་གོ་གཅིག་འདུག་པའི་ཐིབ་འོག་ཏུ་གཟིམས། དགེ་སློང་བཟང་རྒྱལ་པས་ཕྱོགས་གཅིག་ཏུ་ཆུ་ལེན་སྣོད་དངུལ་དམ་ཅིག་ཡོད་པ་སྔས་འོག་ཏུ་བཅུག་ནས་ཉལ་བའི་ཚེ། གནས་ཚང་དེ་པས་མཚན་ཕྱེད་ཙམ་ན་དངུལ་དམ་སྔས་འོག་ནས་ཁྱེར་སོང་བ་ཚོར་ནས་རྗེས་གཅོད་ལ་བརྒྱུགས་པས། གནས་ཚང་གི་མི་རྣམས་ཀྱིས་རྡོ་