R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦༢བ
[A:༡༦༢བ]འཇིགས་པ་ལས་གྲོལ་ཏེ། སྔ་གོང་བདག་ཉིད་ཆེན་པོ་རང་གི་མནལ་ལམ་དུ། ཧོར་འགའ་ཞིག་གིས་སྒོར་མོ་ལུང་མེད་པ་ཞིག་ཕུལ་བ་རྨིས་ཏེ། མནལ་སད་ནས་ཐུགས་དགོངས་ལ་ཧོར་གྱི་གདན་འདྲེན་ཅིག་ཡོང་བ་འདུག་ཀྱང་འགྲོ་མི་དགོས་པ་འདྲ་སྙམ་པ་བྱུང་གསུངས་པ་ཡང་ཇི་ལྟ་བ་བཞིན་དུ་བྱུང་ཞེས་གྲགས་ལ། དེ་ལྟ་བུའི་བླ་མ་དམ་པ་འདི་ནི་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་རྒྱུད་ཕྱུག་པའི་བླ་མ་རྣམས་དང་། ཡི་དམ་ཆོས་སྐྱོང་ལ་སོགས་པས་ཞལ་སྟོན་ཅིང་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ཡང་དགུང་ལོ་ཉི་ཤུ་སྐོར་ཅིག་བཞེས་པའི་སྐབས་སུ་མནལ་ལམ་དུ། ཆོས་རྗེ་ས་སྐྱ་པཎྜི་ཏ་ཡིན་ཟེར་བའི་སྐུ་གཟུགས་རིང་པོ་བྱས་པ། ན་བཟའ་ཐེར་ལྕམ་དུར་ཁ་གསོལ་བ་ཅིག་རྨིས་ཏེ། མནལ་སད་པ་ན་ཆོས་རྗེ་པ་ན་བཟའ་སེར་པོ་རང་ཨེ་བསྣམས་ན་སྙམ་ཐེ་ཚོམ་འཁྲུངས་ཤིང་ཡོད་པ་ན། དུས་ཕྱིས་དཔེ་ཁང་ན་ཆོས་རྗེ་པའི་ན་བཟའ་ཐེར་ལྕམ་དུར་ཁ་ད་ལྟའི་མི་གཟུགས་རིང་པོ་མིན་པས་མི་རྫོགས་པ་ཅིག་བྱུང་བས་སྔར་གྱི་མནལ་ལམ་དྲན་གསུངས་ཤིང་། ཡང་སྐབས་ཤིག་ན་པཎ་ཆེན་ཤཱཀྱ་ཤྲཱི་ཡིན་ཟེར་བའི་དགེ་སྦྱོང་གཟུགས་རིང་པོ་བྱས་པ་ལ་ཤ་བྱིན་གྱི་ཅུང་ཕྲ་བ། རས་རྡོ་ཚོས་ཀྱི་འཕྱར་བུ་བསྣམས་པ། ཕྲག་ཆུང་ཟེད་པ་དབྱིབས་མཁན་ཆེན་དྷརྨ་ཤྲཱི་འདྲ་བ་ཅིག་དང་མཇལ་ནས་ཆོས་གསན་པའི་མནལ་ལམ་བྱུང་བ་དང་། ཡང་ལན་ཅིག་དིང་རི་གླང་འཁོར་ཡིན་ནམ་སྙམ་པ་ཅིག་ཏུ་ཕ་དམ་པ་ཡིན་ཟེར་བའི་རྣལ་འབྱོར་པ་ཤ་རྒྱས་པོ་བྱས་པའི་ཨ་ཙ་ར་གཟི་བརྗིད་ཅན་ཞིག་དང་མཇལ་ནས་ཆོས་གསན་པ་རྨིས་ཏེ། དེ་དུས་མཁན་ཆེན་བུ་སྟོན་པ་ལ་ཞི་བྱེད་ཀྱི་སྐོར་རྣམས་ཆེད་དུ་གཏད་ནས་ཞུ་བསམ་པ་