R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦༣བ
[A:༡༦༣བ]བརྡུངས་བྱས་ནས། དེར་བྱ་ས་གང་ཡང་མ་བྱུང་ནས་ནང་བར་དཔོན་སློབ་རྣམས་ཀྱིས་བྱོན་པས། དེའི་ཤུལ་དུ་གནས་ཚང་དེ་པའི་ཁང་པ་ལ་ཐོག་རྒྱབ་སྟེ་མི་ངོ་དྲག་པ་དེ་འདས། དེ་ཡང་ཆོས་སྐྱོང་གི་ནུས་པས་ཡིན་ཞེས་གསུང་བར་གྲགས་སོ། །ཡང་ལན་ཅིག་བདག་ཉིད་ཆེན་པོ་འདིས་བླ་ཆེན་བསོད་ནམས་བློ་གྲོས་པ་གོང་ལ་འབྱོན་པའི་རྫོང་བ་ལ་དབུར་སྟོད་ཀྱི་ས་ཆ་མཐའ་རྒྱས་ཐུབ་བྱོན་ཏེ། ཆོས་དང་འཇིག་རྟེན་གྱི་ཞལ་ལྟས་ཐུགས་ཚིམ་པར་མཛད་ནས་བསམ་ཡས་སུ་བྱོན་ཏེ། རེ་ཞིག་གི་ཚེ་ཆོས་རྫོང་གི་ས་ཆ་གཟིགས་པར་བརྩམས་ཏེ་གཞུང་ཀོ་ལ་བྱོན་པའི་ཚེ། ཀོ་བ་རལ་ནས་གཞན་ཐམས་ཅད་རྟབ་རྟབ་པོར་གྱུར་ནའང་། བདག་ཉིད་ཆེན་པོས་འདི་ལ་ཉེན་ཅི་ཡང་མེད་གསུངས་པས་ཀོ་བ་སླེ་ལ་ཐོགས་ནས་གནོད་པ་ཅིག་ཀྱང་མ་བྱུང་། དེའི་ཚེ་ཀོ་བ་ལ་འཇའ་ཚོན་ཉིས་རིམ་དུ་ཟུག་འདུག་པ་ཆིབས་མཛོ་བ་འགའ་ཞིག་ལ་སོགས་པ་མང་པོས་མཐོང་ཞེས་གྲགས་སོ། །དེ་ནས་ཡང་ལན་ཅིག་དགས་པོའི་མཁར་ཀླུ་བཟང་དུ་བཞུགས་ནས་དུས་འཁོར་འགྲེལ་ཆེན་འདི་རྩོམ་པའི་གྲབས་མཛད་པ་ན། ནུབ་ཅིག་མནལ་ལམ་དུ་མཁན་ཆེན་བུ་སྟོན་པ་ཡིན་སྙམ་པ་ལ། བུད་མེད་གཅིག་ཡིན་ཡང་སྙམ་པ་ཅིག་གིས་སྣག་བུམ་གཅིག་དང་། སྙུག་གུ་གཅིག་གཏད་ནས་ད་བྲིས་ཤིག་ཅེས་ཟེར་བ་ཡང་རྨིས་པ་ལ་སོགས་པ། མདོར་ན་ཉམས་དང་མནལ་ལམ་གྱི་ཚུལ་དུ་བླ་མ་དང་ལྷག་པའི་ལྷ་དང་། དངོས་སུ་ཆོས་སྐྱོང་གི་སྤྲུལ་པས་འཕྲིན་ལས་བསྒྲུབས་པ་ལ་སོགས་པ་ངོ་མཚར་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཞིག་མངའ་བས། མངོན་པར་ཤེས་པ་དང་། འོད་གསལ་གྱི་ཏིང་ངེ་འཛིན་དང་། དབང་བཞིའི་ཡེ་ཤེས་ཀྱི་