R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦༢ན
[A:༡༦༢ན]བར་མཛད་ཅིང་། དེ་ལྟར་སྐྱེས་བུ་དམ་པ་འདིས་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་ཁྱབ་པ་ལ་བརྟེན་དགུང་ལོ་ཉེར་བདུན་བཞེས་པའི་ཚེ་ལོ་གཅིག་གི་ནང་དུ་ཧོར་གྱི་གདན་འདྲེན་ཐེང་གསུམ་བྱུང་སྟེ། སྔར་བླ་མ་ན་བཟའ་བྲག་ཕུག་པས་ཧོར་ཡུལ་དུ་བྱོན་ན་སྐུ་ཚེ་རིང་པོ་མི་ཡོང་གསུངས་པ་ཐུགས་ཀྱི་དཀྱིལ་དུ་བཞག་ནས་ཐབས་ལམ་སྣ་ཚོགས་པ་ཞིག་མཛད་ཅིང་། དབུས་གཙང་གི་སྡེ་དཔོན་རིགས་དུ་མས་སྤྱན་དྲངས་ཏེ་བསྙེན་བཀུར་ཞིང་། ཟབ་རྒྱས་ཆོས་ཀྱི་སྦྱིན་པ་ཕུལ་དུ་བྱུང་བ་ཡང་གནང་ཞིང་། ཁྱད་པར་གདན་འདྲེན་པའི་གསེར་ཡིག་པ་རྣམས་དང་བཅས་ལྷ་སར་ཕེབས། ཇོ་བོ་རིན་པོ་ཆེ་ལ་གསེར་ཆབ་གསོལ། བསྟོད་པ་སྡེབ་ལེགས་རྒྱན་གྱིས་བཀྲ་བ་ཞིག་མཛད་པས། ནམ་མཁའ་ལས་འཇའ་དང་མེ་ཏོག་གི་ཆར་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་བས་ཐམས་ཅད་ངོ་མཚར་དུ་གྱུར། དེ་ནས་གུང་ཐང་ནས་གདན་འདྲེན་པའི་ཕོ་ཉ་མངགས་པ་དང་དེར་ཕེབས་ནས་ཟླ་བ་དྲུག་ཙམ་བཞུགས། དེ་ནས་ཡང་སྐབས་ཤིག་བསམ་ཡས་སུ་མཁན་པོ་བོ་དྷི་ས་ཏྭའི་དབུ་ཐོད་གདན་དྲངས་ཏེ་གཟུངས་དང་རྟེན་ཁྱད་པར་ཅན་མང་པོས་ནང་རྫོང་མཛད་ནས་བསྟོད་པ་ཁྱད་པར་དུ་འཕགས་པ་ཞིག་དང་། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་མཛད་པའི་ཚེའང་ནམ་མཁའ་ལས་མེ་ཏོག་གི་ཆར་འབབ་པ་དང་། ལྷའི་རོལ་མོའི་སྒྲ་གྲག་པ་ལ་སོགས་པ་ཤིན་ཏུ་ངོ་མཚར་བ་དུ་མ་བྱུང་བས། གསེར་ཡིག་པ་རྣམས་ཀྱང་ཤིན་ཏུ་ངོ་མཚར་ཞིང་མི་ཕྱེད་པའི་དད་པ་ཐོབ་པར་གྱུར་ཅིང་། དེ་ནས་འོད་ཟེར་ཅན་གྱི་སྒྲུབ་པ་ལ་སོགས་པ་ཐབས་དུ་མ་ཞིག་མཛད་པས་རིམ་གྱིས་གསེར་ཡིག་པའི་