R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༧ན
[A:༡༥༧ན]དང་། རྡོ་རྗེ་འཕྲེང་བ་ལ་སོགས་པའི་དབང་བཀའ་དང་། གསུང་ངག་ལམ་འབྲས་ལ་སོགས་པ་ཁྲིད་དང་། གཞན་ཡང་བྱིན་རླབས་དང་། མན་ངག་དང་། རྒྱུད་འབུམ་གྱི་ལུང་ལ་སོགས་པ་བླ་མ་དེ་ལ་བཞུགས་པ་ཕལ་ཆེ་བ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །དེ་ནས་དགུང་ལོ་བཅུ་བདུན་པ་ལ་གངས་ཅན་གྱི་འདུལ་བ་འཛིན་པ་ཆེན་པོ་ཇོ་གདན་ཚོགས་པའི་མཁན་པོ་བསོད་ནམས་གྲགས་པ་ལ་མཁན་པོ་ཞུས། སློབ་དཔོན་མཁས་མཆོག་དཔལ་ལྡན་སེང་གེས་མཛད་ཅིང་། གྲིབ་ཚོད་པ་བླ་མ་བཟང་པོ་བས་མཛད་དེ་རབ་ཏུ་བྱུང་ནས་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བར་མཚན་གསོལ། དེ་ནས་དགུང་ལོ་ཉི་ཤུ་པའི་དུས་སྔར་གྱི་མཁན་སློབ་གཉིས་དང་། གྲིབ་ཚོད་པ་བླ་མ་དོན་གསལ་བ། གྲོགས་དན་པ་བླ་མ་གྲུབ་རྒྱལ་བ་ལ་སོགས་པ་དད་པའི་དགེ་འདུན་མཁས་ཤིང་བཙུན་པ། བསྟན་པ་འཛིན་པའི་གནས་བརྟན་ཆེན་པོ་བཅུ་བདུན་ཙམ་གྱི་དབུས་སུ། བོ་དོང་བྱ་རྒོད་གཤོང་གི་གཙུག་ལག་ཁང་དུ་གཅེན་འཇམ་པའི་དབྱངས་དོན་ཡོད་རྒྱལ་མཚན་དང་མཆེད་གཉིས་ཀྱིས་བསྙེན་པར་རྫོགས་པར་མཛད་ཅིང་། མཁན་ཆེན་བསོད་ནམས་གྲགས་པ་དང་། མཁན་ཆེན་བསོད་ནམས་བཟང་པོ་གཉིས་ཀྱི་དྲུང་དུ་འདུལ་བ་མདོ་རྩ། ལུང་སྡེ་བཞི་ལ་སོགས་པ་འདུལ་བའི་ཆ་ལག་ལག་ལེན་དང་བཅས་པས་ཐོག་དྲངས། ཆོས་ཀྱི་རྣམ་གྲངས་དུ་མ་གསན་ཏེ། དེ་ནས་བཟུང་སྟེ་ཕྱི་དྲོའི་ཁ་ཟས་དང་ཤ་ཆང་ཞལ་ལ་མི་རེག་པ་དང་། དེ་དག་ལ་སོགས་པ་ཉེས་ལྟུང་ཕྲ་མོ་ལའང་ཁྱད་དུ་མི་གསད་ཅིང་། ཕམ་ལྷག་སོགས་ཀྱི་ཉེས་པས་གཏན་གོས་མ་མྱོང་ཞེས་ཀྱང་ཁུམ་