R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༦བ
[A:༡༥༦བ]ལེགས་པར་ཐུགས་སུ་ཆུད་དེ། དགུང་ལོ་བརྒྱད་པ་ལ་རིན་ཆེན་སྒང་དུ་སྡེ་སྣོད་འཛིན་པ་དུ་མའི་དབུས་སུ་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་དང་། ཡབ་མེས་ཀྱི་གོང་མ་རྣམས་ཀྱི་བཞེད་སྲོལ་ཕྱིན་ཅི་མ་ལོག་པར་རྣམ་གྲངས་དུ་མ་གསལ་ཞིང་རྒྱ་ཆེ་བ་གསུངས་པས། སྡེ་སྣོད་འཛིན་པ་ཐམས་ཅད་ཀྱང་ངོ་མཚར་ཞིང་སྙན་པའི་གྲགས་པ་ཆེན་པོ་བསྒྲགས། དེ་ནས་བླ་མ་དེ་ཉིད་ཀྱི་དྲུང་དུ་ཀྱེ་རྡོ་རྗེའི་ཕྱག་ལེན་དང་། གཞན་ཡང་ས་སྐྱ་པའི་ཡབ་མེས་ཀྱི་ཆོས་ཀུན་མཐར་ཕྱིན་པར་མཛད་ཅིང་། ཇོ་ནང་པའི་ལུགས་ཀྱི་དུས་ཀྱི་འཁོར་ལོའི་རྫོགས་རིམ་ཟབ་མོ་སྦྱོར་བ་ཡན་ལག་དྲུག་པའི་མན་ངག་དང་། ཐུགས་རྗེའི་དབང་ཕྱུག་གི་དམར་ཁྲིད་ཞུས་པས་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ཏེ། ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐུགས་ལ་འཁྲུངས་ཤིང་ཡབ་བདག་ཉིད་ཆེན་པོ་ལ་ཡང་འཁོར་ལོ་བདེ་མཆོག་དང་། དགེས་པ་རྡོ་རྗེ་དང་། སྒྲོལ་མ་ལ་སོགས་པའི་དབང་བསྐུར་དུ་མ་དང་། ཆོས་སྐྱོང་ཆེ་ཆུང་གི་རྗེས་གནང་སོགས་རྗེས་གནང་གི་རིགས་དུ་མ་དང་། ཐེག་པ་ཆེན་པོའི་ཐུགས་བསྐྱེད་ལ་སོགས་པ་མང་དུ་གསན་ནས་ཐུགས་སུ་ཆུད་པར་མཛད། དེ་ནས་དགུང་ལོ་བཅུ་གཅིག་པ་ལ་བླ་ཆེན་ཀུན་དགའ་བློ་གྲོས་ཀྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་དང་། ཐེག་ཆེན་སེམས་བསྐྱེད། བདེ་ཀྱེ་ཡོ་ག་དང་བཅས་པའི་དབང་། ཆོས་སྐྱོང་གི་སྐོར་དུ་མ་དང་ཚོགས་བདག་དམར་ཆེན་གྱི་རྗེས་གནང་སོགས་གསན་ཅིང་། དགུང་ལོ་བཅུ་དྲུག་པའི་དུས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན་པ་བླ་མ་དཔལ་ལྡན་སེང་གེ་བ་ལ་ཚད་མའི་བསྟན་བཅོས་ཆེན་པོ། དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལ་སོགས་པ་མཚན་ཉིད་ཕྱོགས་དུ་མ་