R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦ན
[A:༡༦ན]གཤེད་དགྲ་ནག་པོའི་རྒྱུད་གསུམ། དཔལ་འཛིན་གྱི་འགྲེལ་པ་ཡན་ལག་དང་བཅས་པ་རྣམས་དང་། དཔལ་རྡོ་རྗེ་གདན་བཞིའི་འགྲེལ་པ་ཡན་ལག་དང་བཅས་པ་དང་། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་ཡན་ལག་དང་བཅས་པ་རྣམས་དང་། སྒྲུབ་ཐབས་བརྒྱ་རྩ་དང་། མན་ངག་ཕྲ་མོ་བརྗོད་ཀྱིས་མི་ལོང་བ་གསན་ཞིང་ཁོང་དུ་ཆུད་པར་མཛད་དོ། །དེ་ལྟར་བླ་མ་བ་རི་བས་གདན་ས་ལོ་བརྒྱད་བཟུང་ཞིང་། དེའི་བར་ལ་རྒྱ་གར་གྱི་གནས་བྱིན་རླབས་ཅན་དུ་མའི་ས་དང་། བྱང་ཆུབ་ཀྱི་ཤིང་དང་། དེ་བཞིན་གཤེགས་པ་དང་། པཎ་གྲུབ་དུ་མའི་རིང་བསྲེལ་དང་གདུང་། ཁྱད་པར་དུ་སངས་རྒྱས་འོད་སྲུང་གི་སྣམ་སྦྱར་བཞུགས་པའི་རྣམ་རྒྱལ་མཆོད་རྟེན། བསྟན་པའི་གཞི་རྟེན་དུ་འགྱུར་པའི་རྟེན་འབྲེལ་དུ་མ་དང་བཅས་པ་བཞེངས་ཏེ། རྣམ་རྒྱལ་གྱི་གཟུངས་འབུམ་ཐེར་གསུམ་དང་ཁྲི་ཚོ་བདུན་བཞུགས་ཤིང་། རབ་གནས་ཀྱི་དོན་དུའང་རྣམ་རྒྱལ་གྱི་ཆོ་ག་སྟོང་ཕྲག་གཉིས་མཛད་པའི་ཚེས་བརྒྱད་ཀྱི་ཉིན་མེ་ཏོག་གཏོར་བ་ན། མཆོད་རྟེན་གྱི་བུམ་པ་ལས་འཕྲོས་པའི་འོད་སེར་པོ། ལ་ལ་ལ་གསེར་བཙོ་མའི་འོད་འཁྱུད་པས་མིག་གིས་མཐོང་ཚད་ཀྱི་ས་གཞི་དང་ནམ་མཁའ་ཁེངས་ཤིང་དྲིལ་བུའི་སྒྲ་ལྟ་བུ་འཁྲོལ་བ་དང་། ལེགས་སོ་བྱ་བའི་སྒྲ་མི་ཆེ་བ་ལན་བཞི་ཀུན་གྱིས་མཐོང་ཐོས་སུ་གྱུར་པས་ཐམས་ཅད་ཡ་མཚན་དུ་གྱུར། དེ་ནས་བཟུང་སྟེ་ཕྱོགས་དུས་ཀུན་དུ་བཀྲ་ཤིས་པའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་བ་ཡིན་ནོ་ཞེས་སློབ་དཔོན་བསོད་ནམས་རྩེ་མོའི་གསུང་རབ་བ་རི་བའི་རྣམ་ཐར་ལས་བཤད་དོ། །གཞན་ཡང་མགོན་པོའི་བཀའ་བབས་བཞིའི་ནང་ཚན་གྱི་སྐུའི་