R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥བ
[A:༡༥བ]པ་ཡིན་ཏེ་ཟེར་ནས་ཤེ་བཅད་སྐད། དེ་དུས་ཡུམ་དང་མཇལ་ཁར་བླ་ཆེན་གྱི་སྐུའི་རྗེས་བྲག་ལ་གསལ་པོར་བྱུང་བ་ད་ལྟ་ཡང་ཡོད་ཅེས་གྲགས་སོ། །དེ་ནས་སྐུ་བསྙུང་བ་ལས་གདངས་ནས་ངུར་སྨྲིག་པ་བྲང་ཏི་དར་མ་སྙིང་པོ་ལ་མངོན་པ་ཚར་གཅིག་གསན་ནས་མ་ལུས་པ་ཐུགས་སུ་ཆུད་པས་ཀུན་གྱིས་ངོ་མཚར་དུ་འཛིན་པར་བྱུང་། དེ་ནས་དགེ་བཤེས་བྲང་ཏི་སྐུ་གཤེགས་ཏེ་ཟུར་ཆོས་པ་བྱང་ཆད་པ་ཁྱུང་ལ་ས་སྡེ་ལྔ་དང་། སྡོམ་རྣམ་གཉིས་དང་བཅས་པ་གསན་ཅིང་། དེའི་རྗེས་སུ་ཉང་སྟོད་དུ་ཁྱུང་རིན་ཆེན་གྲགས་ལ་རྣམ་ངེས་དང་རིགས་ཐིག་ལ་སོགས་པ་གསན། དེའི་དུས་ཀྱི་ཟུར་ཆོས་པ་མེ་དིག་པ་ཡིན་ནོ། །དེ་ཙ་ན་ས་སྐྱ་པའི་གཞིས་པས་འཕྲིན་བསྐུར་ཏེ། ཚད་མ་ཕྱིས་གསན་པས་ཆོག བླ་མ་བ་རི་བ་བགྲེས་པས་ཕྱིས་གསན་ལོང་མི་ཡོང་བས་ཡར་འབྱོན་པར་ཞུ་ཞེས་ཞུས་པས་བླ་མས་ཀྱང་ཡར་བྱོན་ནས། བླ་མ་བ་རི་བ་ལ་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་དང་། འཕགས་པ་དཀོན་མཆོག་བརྩེགས་པ་དང་། སངས་རྒྱས་ཕལ་པོ་ཆེ་ལས་གཞུང་རབ་ཏུ་དབྱེ་བ་དང་། དེའི་མན་ངག་དག་ཀྱང་གསན། བྱ་བའི་རྒྱུད་ལས་རྒྱུད་སྡེ་དུམ་བུ་ཉིས་བརྒྱ་ཙམ་ཡན་ལག་དང་བཅས་པ་མན་ངག་ཕྲ་མོས་བརྒྱན་པ་གསན་ཅིང་། སྤྱོད་རྒྱུད་ལ་གཤིན་རྗེ་གཤེད། ཁྲོ་བོ་རྣམ་པར་རྒྱལ་བ་ཡན་ལག་དང་བཅས་པ་གསན། རྣལ་འབྱོར་ཆེན་པོའི་རྒྱུད་ལ་དཔལ་གསང་བ་འདུས་པ་རྩ་བ་དང་བཤད་པའི་རྒྱུད་ལྔ། སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་དགོངས་པ་འགྲེལ་པ་ཡན་ལག་ཕྲ་མོ་དང་བཅས་པ། སངས་རྒྱས་ཡེ་ཤེས་ཞབས་ཀྱི་དགོངས་པ་འགྲེལ་པ་ཡན་ལག་ཕྲ་མོ་དང་བཅས་པ་རྣམས་དང་། གཤིན་རྗེ་