R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦བ
[A:༡༦བ]བཀའ་བབས་རྡོ་མགོན་ཡིད་བཞིན་གྱི་ནོར་བུ་ཡང་བླ་མ་འདི་ཉིད་ཀྱིས་རྗེ་ས་ཆེན་ལ་གནང་བ་ཡིན་ནོ། །དེ་ནས་བླ་མ་ས་ཆེན་ལ་གདན་ས་གཏད་དེ་ཡུན་མི་རིང་བ་ན་བ་རི་ལོ་ཙཱ་བ་བར་ཕུག་ཏུ་སྐུ་གཤེགས་སོ། །དེ་ནས་བླ་མས་གྲོམ་པ་གཡུ་རྩེ་འབྱིད་ཕུར། མེ་ལྷང་ཚེར་ལ་རྣམ་ངེས། རིགས་ཐིག་བརྒྱ་འགྲེལ་བམ་པོ་བཅོ་ལྔ་པ་དང་། དབུ་མ་རང་རྒྱུད་ཤར་གསུམ་དུ་གྲགས་པ་གསན་ཞིང་ཁོངས་སུ་ཆུད་པར་མཛད་དོ། །དེ་ནས་བླ་མ་གནམ་ཁའུ་པའི་དྲུང་དུ་བྱོན་ནས། བྱ་བའི་རྒྱུད་ལ་རིག་པ་མཆོག་གི་རྒྱུད་ལེགས་པར་གྲུབ་པ། དཔུང་པ་བཟང་པོ། ཕྱག་རྡོར་དབང་བསྐུར་བའི་རྒྱུད། གསང་བ་སྤྱི་རྒྱུད། བསམ་གཏན་ཕྱི་མ། དམ་ཚིག་གསུམ་བཀོད་པ་ལ་སོགས་པའི་རྒྱུད། དེའི་འགྲེལ་པ་ཡན་ལག་དང་བཅས་པ། སྤྱོད་རྒྱུད་ལ་རྣམ་སྣང་མངོན་བྱང་རྒྱུད་འགྲེལ་པ་ཕྲན་དང་བཅས་པ། རྣལ་འབྱོར་གྱི་རྒྱུད་དེ་ཉིད་འདུས་པ། དེའི་འགྲེལ་པ་དེ་ཉིད་སྣང་བ། ཀོ་ས་ལའི་རྒྱན། དཔལ་མཆོག་དང་པོའི་རྒྱུད། དེའི་འགྲེལ་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ། རྡོ་རྗེ་རྩེ་མོ། ཁམས་གསུམ་རྣམ་རྒྱལ། མགོན་པོ་ཀུན་སྣང་། ངན་སོང་སྦྱོང་རྒྱུད། ཐམས་ཅད་གསང་བ་རྒྱུད་འགྲེལ་དང་བཅས་པ། ཡང་དེ་ཉིད་འདུས་པའི་དོན་འགྲེལ་ཨ་ཝ་ཏ་ར། བསྙེན་སྒྲུབ་ཀྱི་གཞུང་རྡོ་རྗེ་འབྱུང་བ། ཁམས་གསུམ་རྣམ་རྒྱལ། གཙུག་དགུ་ལ་སོགས་པ་གཞུང་ཕྲ་མོ་དུ་མ་དང་བཅས་པ་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ལ་སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་དགོངས་འགྲེལ་སྒྲོན་གསལ། རིམ་ལྔ་མདོ་བསྲེ་དང་། ཨཱརྻ་དེ་ཝའི་སྤྱོད་བསྡུས། བདག་བྱིན་གྱིས་བརླབ་པའི་རིམ་པ། སེམས་ཀྱི་སྒྲིབ་སྦྱོང་། ཀླུའི་བཤེས་གཉེན་