R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༨ན
[A:༡༢༨ན]བརྗིད་འོད་འབར་བ་ལྷམ་མེ། གསུང་གྲག་སྟོང་སྐྱེ་བ་མེད་པ་ཟབ་ཡངས་ཆོས་ཀྱི་འབྲུག་སྒྲ་སྒྲོགས་བཞིན་པ་ལྷང་ངེ་། ཐུགས་བདེ་སྟོང་དབྱེར་མེད་པའི་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མཉམ་པར་འཇོག་པ་ལྷན་ནེ་བཞུགས་པ་གཟིགས་པ་ན། ཐུགས་ཀྱི་སྣང་བ་ཡང་དེའི་དབང་དུ་སོང་ནས་བྱ་བ་གང་བྱས་ཀྱང་ཡིད་ལ་མ་ཟིན་པར་བཞུགས་པར་གྱུར་ཅིང་། དེའི་མོད་ལ་ཆོས་ཀྱི་རྒྱལ་པོས་བསྔོ་བའི་ཡོན་བཤད་རྒྱས་པར་བརྗོད་ནས་གཙུག་ལག་ཁང་དེའི་ཡང་ཐོག་ཏུ་བཞུགས། འདུས་པ་རྒྱ་མཚོ་རྣམས་ཀྱང་རང་རང་གི་གནས་སུ་འཁོད། དེའི་ཚེ་བཅོམ་རལ་གྱིས་སྣར་སྔར་ཚོར་མ་མྱོང་བའི་དྲི་བཟང་པོ་ངར་ངད་ལྡན་པ་ཞིག་མྱོང་ནས། འཕགས་པ་རིན་པོ་ཆེ་བཞུགས་པའི་རྒྱ་ཕིབས་ཀྱི་འོག་རྒྱ་དྲའི་ཕྱི་ནར་ཕེབས་ཏེ་གཟིགས་པས། གཞལ་ཡས་ཁང་གི་ནང་ན་ཁ་ཐི་དིང་དཔོན་གྱི་འབོལ་ལྔ་བརྩེགས་ཁོ་ན་བཤམས་པ་བཅུ་དྲུག་དང་། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་པ་འདུག་པས། སྔར་གྲོག་པོའི་ནང་ན་འདུག་པའི་གནས་བརྟན་རྣམས་དྲན་ཏེ། འདི་ལྟ་བུའི་གང་ཟག་ལ་སྔར་རང་རྒྱུད་རེངས་པའི་དབང་དུ་སོང་སྙམ་པའི་འགྱོད་པ་དང་བཅས་ཏེ། ད་ནི་འདིའི་དོགས་པ་དཔྱད་པར་བྱའོ་སྙམ་པ་དང་དྲི་བཟང་རྣམས་ཆེས་ཆེ་བར་གྱུར་ཏོ། །དེའི་མོད་ལ་གཟིགས་པས་ཁྲི་གདན་བཅུ་དྲུག་གི་སྟེང་ན་འཕགས་པའི་གནས་བརྟན་བཅུ་དྲུག་འཁོད་པ་ལ་ཡན་ལག་བདུན་པའི་མཆོད་པ་འབུལ་བར་མཛད་པ་གཟིགས་པས། ཐུགས་འགྱོད་བཞིན་པས་ཕྱག་དང་བཤགས་པ་གྲངས་མེད་པར་ཕུལ། དེ་ཚུན་ཐུགས་ཞི་དུལ་གྱི་ངང་ཚུལ་དང་ལྡན་པར་གྱུར་པ་ཡིན་