R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༧བ
[A:༡༢༧བ]ས་གཞི་བར་སྣང་ཐམས་ཅད་ངོ་མཚར་བའི་ལྟས་ཀྱིས་གང་བ་བྱུང་ཞིང་། སྤྱིར་ནམ་མཁའ་ལ་འཇའ་འོད་དང་མེ་ཏོག་གི་ཆར་ནི་ཆོས་ཀྱི་རྒྱལ་པོ་གནས་དེ་ཉིད་དུ་བཞུགས་པའི་རིང་ལ་རྒྱུན་ལྡན་དུ་བྱུང་བ་ཡིན་ནོ་ཞེས་གྲགས་ལ། སྔ་གོང་བཅོམ་རལ་ཞེས་པའི་མཁས་པའི་དབང་པོ་དེས་སྣར་ཐང་ན་བཞུགས་བཞིན་པ་མཁས་པའི་ང་རྒྱལ་གྱི་དབང་དུ་སོང་སྟེ། ཆོས་ཀྱི་རྒྱལ་པོའི་འདུན་ས་རྣམས་སུ་དམ་པ་འདིས་མཛད་པའི་རྣམ་ཐར་ཐོག་མ་རྣམས་ལ་ནི་གཟིགས་པར་མ་བྱོན། ཉི་མ་བཅུ་བཞི་པའི་ཉིན་མཁས་པ་མཚུངས་བྲལ་དེའི་དགོངས་པ་ལ། འཕགས་པ་འདིས་ཁམས་གསུམ་གྱི་ལྷ་མི་ཐམས་ཅད་དབང་དུ་འདུ་ལུགས་འདི་ལ་དོགས་པ་མ་དཔྱད་པར་བཞག་པ་ནི། རང་ཉིད་ཀྱང་མ་རུངས་པའི་གནས་སུ་འགྲོ་བ་མ་གཏོགས། གཞན་དུ་མི་འགྲོ་ལ་དཔྱད་པའི་གཞིར་འདུག་དགོངས་ནས། དེ་ཉིན་ཅུང་ཟད་ཆས་བསྒྱུར་བའི་རྣམ་པས་ཕེབས་པ་དང་། འགྲོ་བ་ཕོ་མོ་ཕལ་ཆེ་བ་འདུས་ཚར་བའི་རྗེས་སུ་འདུག་ཅིང་། དེ་ནས་རིམ་གྱིས་བྱོན་པས། སྣར་ཐང་གི་ལྷོ་ནུབ་མཚམས་ཀྱི་རི་གདོང་གི་འགྲམ་གྲོག་པོའི་ཕུག་ན་ལབ་ཅིག་དིར་དིར་འདུག་པ་ཅི་ཡིན་སྙམ་གཟིགས་པས། གནས་བརྟན་བགྲེས་པོ་ན་བཟའ་ཁ་བབས་པ་བཞེས་པ་བཅུ་དྲུག་འདུག དེའི་ཚེ་འཕགས་པ་འདི་གཞན་དང་མི་འདྲ་བ་ཞིག་ཡིན་པ་འདུག་དགོངས་ནས། ཐག་རིང་གི་ར་རི་ཕུག་ཕུག་རྣམས་ནས་ཀྱང་འདི་ལྟ་བུའི་ལང་ཚོ་མཐར་ཕྱིན་པ་རྣམས་ཀྱང་བསྐྱོད་ནུས་པ་སྙམ་སེམས་བཞིན་པའི་ངང་ལ་ཆུ་མིག་ཏུ་ཕེབས། སྐྱེ་བོ་ཕལ་མོ་ཆེའི་འཁོར་དང་། ངུར་སྨྲིག་འཛིན་པའི་འདུས་པ་རྒྱ་མཚོའི་དབུས་ན་བླ་མ་ཆོས་ཀྱི་རྒྱལ་པོ་དེ་ཉིད་སྐུ་མཚན་དཔེས་གཟི་