R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༧ན
[A:༡༢༧ན]བཅུའི་སངས་རྒྱས་དང་ཞུ་འཕྲིན་མཛད་པ་ལ་སོགས་པ་དང་། གཞན་ཡང་དེ་ནས་ཞག་འགའ་སོང་བའི་དགོངས་མོ་ཉི་མ་ནུབ་པ་དང་དུས་མཉམ་པར་བླ་མ་ཆེན་པོ་གཞལ་ཡས་ཁང་ན་བཞུགས་པའི་སྤྱན་སྔར་ཆིངས་སངས་བཅུ་གཉིས་སོགས་སྐལ་བ་དང་ལྡན་པ་འགའ་འཁོད་པ་ན། གསུར་གྱི་དྲི་ཡིན་པ་ལ་སྔར་ཚོར་མ་མྱོང་བའི་དྲི་ཞིམ་པ་ཞིག་བྱུང་། དེ་ཆེར་སོང་བས་ཆིངས་སངས་རྣམས་ཀྱིས་དེའི་དུག་མ་བཟོད་པ་སྐྱུགས་པ་ཆལ་ཆིལ་དུ་ཤོར། ཡོན་ཁྲིས་འདི་ལྟ་བུ་ཅི་ལགས་ཞུས་པས། རིག་པ་འཛིན་པ་བརྒྱད་ཅུ་མཁའ་ལ་བྱོན་ནས་གནས་དང་ཡུལ་ལ་སོགས་པའི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་མཆོད་པ་དང་། དུར་ཁྲོད་བརྒྱད་ཀྱི་ཚིལ་ཆེན་གྱི་དུད་པ་ཡིན་པས། དེའི་དྲི་ཁྱེད་གང་ཟག་ཐ་མལ་པ་རྣམས་ཀྱི་དབང་པོས་མི་བཟོད་པ་བདེན་ཞེས་གསུངས་ནས། ནང་མཆོད་ཀྱི་ཀ་པཱ་ལ་ནས་བདུད་རྩི་ཐིགས་པ་རེ་ཁོང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པས་རིག་པ་རྣམས་མཆོག་ཏུ་དྭངས་པར་གྱུར་ཏོ། །དེའི་ཚེ་མདུན་གྱི་ནམ་མཁའ་ལ་ཀླུ་སྒྲུབ་གཙོ་བོར་བཞུགས་པའི་གཡས་སུ་རྣལ་འབྱོར་དབང་ཕྱུག་དང་། གཡོན་དུ་པདྨ་བཛྲ་ལ་སོགས་པ་རིག་པ་འཛིན་པ་བརྒྱད་ཅུ། དཔའ་བོ་རྣལ་འབྱོར་མའི་ཚོགས་ནམ་མཁའ་གང་བ་དང་བཅས་པས་འཕགས་པ་རིན་པོ་ཆེའི་དབུར་ཕྱག་བཞག་ནས་གདམས་པ་དང་རྗེས་སུ་བསྟན་པ། ལུང་བསྟན་པ། མཆོག་ཏུ་མངའ་གསོལ་བ་དང་། ཤིས་པ་བརྗོད་པ་ལ་སོགས་མཛད་ཅིང་། ཆོས་འཁོར་རྫོགས་པའི་ཉི་མ་བཅུ་བཞི་པའི་ཉིན་འདུ་བ་ཆེན་པོའི་དབུས་སུ་བླ་ཆེན་ཆོས་ཀྱི་རྒྱལ་པོ་བྱོན་ཏེ་བསྔོ་བའི་ཡོན་བཤད་ཆེན་མོ་མཛད། ཉི་མའི་སྔ་ཆ་ལ་ནམ་མཁའ་