R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༦བ
[A:༡༢༦བ]ཏེ། འདི་ཉིད་ཀྱིས་བསྟན་པའི་རྩིས་མཛད་པ་ལས། སྐྱེ་བོ་ཕལ་པ་དང་བཅས་པ་འབུམ་དུ་ལོངས་པ་ལ་དགེ་སློང་རྡོ་རྗེ་འཛིན་པ་འཕགས་པས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་བྱས་པའི་ཉིན་པར་བསྟན་རྩིས་འདི་ཡང་ཡི་གེར་བྲིས་ཞེས་འབྱུང་བ་ཡིན་ནོ། །དེ་ལྟར་བདག་ཉིད་ཆེན་པོ་འདིས་ཆོས་འཁོར་རྒྱ་ཆེན་པོ་ཞག་བཅུ་བཞིའི་བར་དུ་གནང་བའི་ཞག་ཁ་ཡར་སོང་བ་དང་། ཐོ་རངས་ཀྱི་ཆ་ལ་རྡུལ་དང་མི་གཙང་བ་རྣམས་མི་ཆགས་པ་བྱེད་པའི་རླུང་ཆེན་པོ་ཞིག་བྱུང་། མེ་ཏོག་གི་ཆར་པ་དང་ཁ་བ་གང་ཡིན་ངོ་མི་ཤེས་པའི་ཆར་པ་རྣམས་བབས་པས། ས་གཞི་རྣམས་སྣུམ་ལྗང་གི་བག་དང་ལྡན་པར་བཏང་། སྔར་སུའི་ཡང་སྣའི་དབང་པོར་མ་སོན་པའི་དྲི་བཟང་པོ་ཞིག་ཀུན་གྱིས་ཚོར་བར་བྱུང་། དེ་ནས་འདུ་བ་རྣམས་འདུས་པའི་ཉི་མའི་སྔ་ཆ་ལ་ནམ་མཁར་འཇའ་འོད་ཀྱི་གུར་ཁྱིམ་ཉིས་རིམ་སུམ་རིམ་བཞི་རིམ་ལྔ་རིམ་དུ་ཡོད་པ་མང་པོ་དང་། མཆོད་པའི་བྱེ་བྲག་དཔག་མེད་དུ་མཐོང་བ་ནི་མང་ཞིང་། གུར་ཁང་གི་ནང་ན་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་འོད་ཟེར་འཕྲོ་བ་དང་བཅས་བཞུགས་པ་ནམ་མཁའ་གང་བར་གྱུར་པ་ནི། དག་པའི་སྣང་བ་གཟིགས་པའི་ཡོངས་འཛིན་བཅུ་གཅིག ཡོན་ཁྲི་ཆིངས་སངས་ཀྱིས་གཙོས་པའི་ཆིངས་སངས་བཅུ་གཉིས་སོགས་ལས་དག་པ་རྣམས་ཀྱིས་མཐོང་། དེའི་ཚེ་ཆུ་མིག་ཁྱམས་ཀྱི་ཡང་ཐོག་ཏུ་ཀུན་རྫོབ་ཀྱི་མཆོད་པ་སྣ་ཚོགས་བཤམས་ཤིང་། གོས་འཇག་ལ་ཕྱག་ཞབས་དབུ་དང་བཅས་པའི་རྗེས་ཐགས་གྲུབ་ཏུ་ཡོད་པའི་སྟེང་དུ་འཕགས་པའི་ཞབས་བཀོད་དེ། གང་གི་ཐུགས་ལས་བྱུང་པའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་བཅས་པས་ཕྱག་ཕུལ་ཏེ་ཕྱོགས་