R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༦ན
[A:༡༢༦ན]ཀྱིས་ཀྱང་རང་རང་གིས་ཇི་ལྟར་འབྱོར་པའི་མཆོད་པ་དང་བསྙེན་བཀུར་རྒྱ་ཆེན་པོ་དང་། དགེ་བའི་རྩ་བ་དུ་མ་བསྐྱེད་ནས་དམ་པའི་ཆོས་གསུང་བར་གསོལ་བ་བཏབ་ཅིང་། བདག་ཉིད་ཆེན་པོ་འདིས་ཀྱང་དེང་སང་བོད་ན་ཡོད་པར་གྲགས་པའི་མདོ་རྒྱུད་མན་ངག་གི་སྐོར་ཕྲ་ཞིང་ཕྲ་བ་དང་བཅས་པ་ཐམས་ཅད་ང་ལ་ཡོད་པས། ཁྱེད་རང་སོ་སོ་གང་ལ་མོས་པའི་ཆོས་ང་ལ་ཞུས་ཤིག་ཅེས་གསུངས་ནས་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་བགྲང་བ་ལས་འདས་པ་དཔེ་མཁྱུད་མེད་པར་གནང་ཞིང་། ཟང་ཟིང་གི་སྦྱིན་པ་རྒྱ་ཆེན་པོ་ཡང་མཛད་དེ། །གདན་ས་ཆེན་པོར་དེ་ལྟ་བུའི་ཚུལ་གྱིས་ཉིན་མཚན་འདའ་བར་མཛད་ཅིང་འགྲོ་བ་དུ་མ་སྨིན་གྲོལ་ལ་བཀོད་དེ། དེ་ནས་མེ་མོ་གླང་གི་ལོ་དཔྱིད་ཟླ་ར་བ་ལ་རྒྱལ་པོ་ཇིམ་གྱིམ་ཞེས་བྱས་པས་སྦྱིན་བདག་བྱས་ནས་གཙང་ཆུ་མིག་རིང་མོར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་ཚེ། བདག་ཉིད་ཆེན་པོ་འདིས་དགེ་འདུན་ཁྲི་ཕྲག་བདུན་ལྷག་པ་ལ་ཞལ་ཟས་གྱ་ནོམ་པས་བསྙེན་བཀུར་ནས། དགེ་འདུན་རེ་རེ་ལ་གསེར་ཞོ་རེ། སུམ་སྣམ་རེའི་འགྱེད་མཛད་ཅིང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། དེར་འཁོར་འདུས་པ་དགེ་འདུན་ཁྲི་ཕྲག་བདུན་དང་། གཞན་ཡང་ཆོས་སྨྲ་བའི་བཤེས་གཉེན་གཞུང་ལུགས་དུ་མའི་ཕ་རོལ་ཏུ་སོན་པ་སྟོང་ཕྲག་དུ་མ་དང་། སྐྱེ་བོ་ཕལ་པ་དང་བཅས་པའི་འབུམ་ཕྲག་དུ་ལོངས་པ་ལ་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གནང་སྟེ། དེ་ཐམས་ཅད་ཀྱང་འབྲས་བུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཁོ་ནར་མཛད་པ་ཡིན་