R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༥བ
[A:༡༢༥བ]ནས། ཧོར་རྒྱལ་པོའི་མངའ་འོག་ཏུ་གཏོགས་པའི་སྐྱེ་བོ་ཕལ་ཆེ་བ་རྣམས་དཀར་བ་ལས་ཀྱི་གཞི་བཟུང་། དག་པ་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཡིད་ཆེས་པ་ཆེན་པོ་གསུམ་དང་ལྡན་པའི་སྒོ་ནས་ཐར་པ་བླ་ན་མེད་པའི་སར་མི་འགྱངས་པར་བགྲོད་པའི་ས་བོན་ལེགས་པར་བཏབ་པ་ཡིན་ནོ་ཞེས་གྲགས་སོ། དེ་ནས་བདག་ཉིད་ཆེན་པོ་འདིས་རྒྱ་ཧོར་གྱི་སྐྱེ་དགུ་རྣམས་ཐར་པའི་ལམ་ལ་བཀོད་ནས། སླར་ཡང་ཁ་བ་ཅན་གྱི་འགྲོ་བ་རྣམས་ལ་ཐུགས་རྗེས་གཟིགས་ཤིང་། ཐུགས་བརྩེ་བར་དགོངས་ནས་སློབ་མའི་ཚོགས་རྒྱ་ཆེན་པོ་དང་བཅས་རིམ་གྱིས་གདན་ས་ཆེན་པོར་བྱོན་པའི་ལམ་རྣམས་སུ་ཡང་མི་དང་མི་མ་ཡིན་པའི་འགྲོ་བ་འབྱོར་བ་དུ་མས་བསུ་བ་དང་། བསྐྱེལ་བ་དང་། མཆོད་པ་དང་། བསྙེན་བཀུར་གྱི་ཁྱད་པར་དཔག་ཏུ་མེད་པ་དུ་མ་དང་། བགྲོད་དཀའ་བའི་ཆུ་བོ་རྣམས་ལ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་ཟམ་པ་འཛུགས་པ་ལ་སོགས་པ་དང་། མཐོང་བ་དང་ཐོས་པ་ཐམས་ཅད་ཀྱང་བ་སྤུའི་ཚོགས་ཀུན་ནས་ལྡང་ཞིང་མཆི་མ་གཡོ་བ་བྱེད་པ་ལ་སོགས་པ་ངོ་མཚར་བའི་ཁྱད་པར་དཔག་ཏུ་མེད་པ་བྱུང་ཞིང་། དེ་དག་སོ་སོའི་བསམ་པ་དང་ཁམས་དང་བག་ལ་ཉལ་དང་མཐུན་པར་དམ་པའི་ཆོས་དུ་མ་བསྟན་ནས་སྨིན་ཅིང་གྲོལ་བར་མཛད། དེ་ནས་དགུང་ལོ་ཞེ་གཅིག་པ་བྱི་བའི་ལོ་ལ་གདན་ས་ཆེན་པོར་ཕེབས་ཏེ། དེའི་མོད་ལ་དབུས་གཙང་གི་དགེ་བའི་བཤེས་གཉེན་དམ་པའི་ཆོས་དོན་དུ་གཉེར་བ་དུ་མ་དང་། ས་ལ་དབང་པའི་མི་ཆེན་པོ་མང་པོ་ཡང་འདུས་ཤིང་། གཞན་ཡང་འཕགས་པའི་ཡུལ་དང་ཁ་ཆེ་ལ་སོགས་པ་ནས་ཀྱང་འདིའི་སྙན་པའི་གྲགས་པ་ཐོས་ནས་པཎྜི་ཏ་དུ་མ་བྱུང་སྟེ། དེ་ཐམས་ཅད་