R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༣བ
[A:༡༢༣བ]ཅིག གལ་ཏེའམ་རྒྱ་ལམ་ན་དད་པ་དག་སྲིད་ན་དེའི་བསོད་ནམས་དེ་ཉིད་ཀྱིས་ཐོབ་པར་གྱུར་ཅིག བཀོལ་ལ་མ་འདྲིའི་བཀའ་རྒྱ་ཡོད་དོ། །བདག་ནི་དགེ་བའི་བཤེས་གཉེན་གཞན་རྣམས་པས། ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། སྐྱོན་མི་མངའ་ལ་ཡོན་ཏན་རྫོགས། །ཡོན་ཏན་རྫོགས་ལུགས་བཤད་ན་ནི། །སྐྱེ་བོ་ཕལ་གྱི་རྣར་མི་ཤོང་། །དེ་ཕྱིར་རང་ཉིད་ཁ་བཙུམས་ནས། །ལྐོག་ནས་གསོལ་བ་བཏབ་པ་དགའ། །ཞེས་པ་དེ་རྣམས་ཀྱིས་ཆོས་རྗེ་བཀའ་གདམས་པ་ནམ་མཁའ་འབུམ་གྱིས་མཛད་པའི་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཚན་པ་གཉིས་ནས་འབྱུང་ཚུལ་བསྟན་ཟིན་ནས། དེ་ལྟར་བདག་ཉིད་ཆེན་པོ་དཔལ་ལྡན་འཕགས་པའི་ཞབས་འདི་རྒྱལ་པོ་ཆེན་པོ་གང་གིས་གདན་འདྲེན་པའི་གསེར་ཡིག་པ་ནན་ཆེས་པ་ལ་བརྟེན། ཤར་ཕྱོགས་ན་གནས་པའི་གདུལ་བྱ་དཔག་ཏུ་མེད་པ་ལ་ཐུགས་རྗེས་གཟིགས་ནས་སླར་ཡང་ཧོར་ཡུལ་དུ་བྱོན་པའི་ལམ་བར་དུ་དགེ་བའི་བཤེས་གཉེན་ནམ་མཁའ་འབུམ་དང་མཇལ་ནས་ཆོས་དང་མཐུན་པའི་གསུང་གླེང་མང་དུ་བྱུང་བས། བཀའ་གདམས་པའི་བཤེས་གཉེན་ཆེན་པོ་དེས་བླ་མ་འདིའི་མཛད་པའི་འཕྲིན་ལས་ཆ་ཤས་རྣམས་ཀྱང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་མཛད་སྤྱོད་དང་ཁྱད་པར་གཏན་མེད་པར་ཤེས་ནས་ཡིད་ཆེས་ཀྱི་དད་པ་བརྟན་པོ་ཐོབ་སྟེ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་བཀའ་དུ་མ་ཡང་ནོས་ཏེ། དེའི་བར་ལ་བཀའ་གདམས་པ་ཆེན་པོ་དེས་བདག་ཉིད་ཆེན་པོ་འདིའི་ངོ་མཚར་བའི་རྣམ་པར་ཐར་པ་རྣམས་ཡི་གེ་འབྲི་བར་མཛད་པ་ནི་གོང་དུ་བསྟན་པ་དེ་དག་ཡིན་ལ། དེ་ལྟར་