R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༤ན
[A:༡༢༤ན]བླ་མ་འདིའི་གོང་དུ་ཕེབས་པའི་ལམ་བར་རྣམས་སུ་ཡང་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ནས། དེ་ནས་བདག་ཉིད་ཆེན་པོ་འདིའི་ཉི་མའི་དཀྱིལ་འཁོར་འོད་ཟེར་གྱི་དྲ་བས་བསྐོར་བའམ། བསིལ་ཟེར་བྱེད་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བའམ། དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་ལ་སོགས་པའི་སློབ་ཚོགས་ཀྱིས་བསྐོར་བ་ལྟར་སློབ་མའི་ཚོགས་རྒྱ་ཆེན་པོ་དང་བཅས་ཏེ་སའི་བདག་པོ་ཆེན་པོ་བཞུགས་པའི་གནས། བོད་ཀྱི་ཡུལ་ནས་དཔག་ཚད་བརྒྱ་ཕྲག་མང་པོའི་ལམ་ཤིན་ཏུ་བགྲོད་དཀའ་བའི་ཆུ་བོ་དུ་མ་དང་། ཐང་དང་། རི་རྒྱུད་དུ་མ་དང་། ཟམ་པ་དང་། འཕྲང་ལ་སོགས་པ་དུ་མ་ལས་བརྒལ་ཏེ་རིམ་གྱིས་ཉི་འོག་གི་རྒྱལ་ཁམས་རྣམས་སུ་བྱོན་པར་གྱུར་ཏོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་སྟེ། བཅོམ་ལྡན་འདས་ཀྱིས་མདོ་ལས། བྱང་ཆུབ་སེམས་དཔའ་དག་གིས་ནི་དཔག་ཚད་བརྒྱའི་ཕ་རོལ་དག་ཏུ་ཡང་། སེམས་ཅན་རྣམས་ལ་དམ་པའི་ཆོས་སྟོན་དུ་འགྲོ་ཞེས་གསུངས་པ་ལྟར་ཡིན་ནོ། །དེའི་ཚེ་རྒྱལ་པོ་ཆེན་པོའི་རྒྱལ་ཚབ་དམ་པ་སྲས་ཀྱི་ཐུ་བོ་ཇིམ་གྱིམ་ཞེས་བྱ་བ་དང་། བཙུན་མོ་དང་། བློན་པོའི་ཚོགས་རྒྱ་ཆེན་པོ་དང་བཅས་པ་ཐམས་ཅད་ཀྱིས་རྒྱ་གར་གྱི་གླང་པོ་ཆེ་ལ་རིན་པོ་ཆེའི་དྲ་བས་སྤྲས་པའི་ཁྲི་དང་། རིན་པོ་ཆེ་ཟ་ར་ཚགས་མངོན་པར་འཕྱར་བའི་གདུགས་དང་རྒྱལ་མཚན་དང་། བ་དན་དང་། རོལ་མོའི་ཚོགས་རྒྱ་ཆེན་པོ་དུ་མ་དང་བཅས་པས་བསུ་བ་དང་། མཆོད་པ་རྒྱ་ཆེན་པོས་ཕོ་བྲང་ཆེན་པོར་གདན་དྲངས་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་དུ་མ་ཞུས་ཤིང་སངས་རྒྱས་ཀྱི་བསྟན་པ་ཀུ་མུདྡའི་