R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༨བ
[A:༡༡༨བ]ལགས་མོད་གསུངས། ཡང་དགེ་བཤེས་སྟོང་ལུང་པ་ཀུན་བླ་མ་འདས་མཆོད་མི་ཐོབ་པ་ལ་འདས་མཆོད་བྱས་ན་བླ་མ་ཉིད་ལ་གནོད། ཉེས་དམིགས་ཆེན་པོ་ཡོད་གསུང་ཡིན་བཀའ་སྩལ་མང་པོ་གསུངས་སྐད་དེ་ཇི་ལྟར་མཆི་ཞུས་པས། དེ་དངོས་གྲུབ་ཞུ་བའི་ཚུལ་གྱིས་མཆོད་པ་འབུལ་བ་དང་། དགེ་གཏོང་གི་ཚུལ་གྱིས་འབུལ་བ་གཉིས་ཡིན། དངོས་གྲུབ་ཞུ་བའི་ཚུལ་གྱིས་འདས་མཆོད་བྱེད་པ་ལ་བླ་མ་ཚད་ལྡན་གཅིག་ལ་བྱེད་པ་ཡིན། དགེ་གཏོང་གི་ཚུལ་གྱིས་བྱེད་པ་ལ་ཚད་ལྡན་མི་དགོས། ཕ་དང་མ་ལའང་བྱར་བཏུབ་ཕན་ཡོན་འབྱུང་གསུངས། ཤེས་པའི་སྤྲིང་ཡིག་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲ་ཡང་རུང་མཁས་པས་མཆོད། །བགྱི་བ་ཅི་འདྲ་ཡང་རུང་། དེ་ཅི་འདྲ་བ་གཅིག་ལ་འབྲུ་གནོན་ཞུས་པས། དེ་རྟེན་ལ་བརྙས་པ་སྤོང་བའི་ཚིག་ཡིན། རྒྱུ་ངན་པ་དམིགས་ཀྱིས་བསལ་བ་ཡིན་པས། བཟོ་ལེགས་རུང་ཉེས་རུང་། རྒྱུ་བཟང་རུང་ངན་རུང་། རབ་གནས་ཡོད་རུང་མེད་རུང་མཁས་པའི་སྐྱེ་བོ་གཅིག་ཡིན་ཕན་ཆད་དེ་མཆོད་རང་དགོས། ཤུགས་ལ་མི་མཁས་པའི་སྐྱེ་བོ་ལ་གཏད་པ་མེད་བྱ་བ་ཡིན་གསུངས། འོན་ཀྱང་། རབ་གནས་མ་བྱས་ལྷ་རྣམས་ལ། །ཕྱག་དང་མཆོད་པ་འབྲས་བུ་མེད། །བྱ་བ་གསུངས་ནས་གདའ་བ་དེ་ཇི་ལྟར་ལགས་ཞུས་པས། དེ་བློ་ཤིན་ཏུ་དམན་པ་ལ་དགོངས་ནས་གསུངས་པ་ཡིན་ངེས་དོན་མིན་གསུངས། ཡང་མདོ་ཁམས་ཀྱི་ལྷ་རིགས་དྲུག་པོ་འདི་ཐོགས་བཅས་ཀྱི་གཟུགས་སུ་གདའ་བ་ལ། ཤི་ཙ་ན་རོ་མི་ཡོང་བ་ཇི་ལྟར་ལགས་ཞུས་པས། དེ་ད་ལྟ་མི་ལུས་ཤིན་ཏུ་བཟང་བ་སྒང་ལ་བཞག་པ་ཅིག་ཡིན་