R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༨ན
[A:༡༡༨ན]བྱེད་པར་གདའ། འདི་ལ་འདིས་ཐོབ། འདི་ལྟ་བུས་མི་ཐོབ་བྱ་བའི་ཚད་ཨ་བདོག་ཞུས་པས། རུས་པ་ལ་སྔགས་དང་དཀྱིལ་འཁོར་གྱི་སྦྱང་བ་བྱས། དེ་ནས་བརྡུངས་ཏེ་ས་དང་བསྲེས་ནས་རྒྱུའི་བྱིན་རླབས་བྱས་ནས་ཚ་ཚ་བཏབ། དེ་ནས་གཟུངས་ཐམས་ཅད་མིང་འཇུག་མ་ནོར་བར་བྱས་ནས་གཟུངས་དང་ཚ་ཚ་ལ་མཆོད་རྟེན་བྱས་ན་ཕན་ཡོན་ཆེ། ཉེས་དམིགས་ཆུང་། རུས་པ་རྐྱང་པ་འབུམ་པ་དང་། ར་གན་གྱི་མཆོད་རྟེན་དུ་བཞུགས་པ་ལ། སྐྱེ་བོ་དགེ་བའི་ས་པ་བྱ་བ་གཅིག་དགོས་པ་ཡིན་ཏེ། འདི་ལ་འབྲུ་གནོན་ལུགས་མང་། ད་ལྟ་དེ་ལྟ་བུའི་བྱེ་བྲག་མི་ཤེས་པར་སུ་འབྱོར་གྱི་ཞེན་པས་ཀུན་ནས་བླང་ཞིང་། སློང་ཚུན་ཆོད་བྱས་ནས་རྟེན་གྱི་གཟུགས་སུ་ཆེ་ལ་བཏང་བས། མཆོད་ཁང་ཐམས་ཅད་དུར་ཁྲོད་དུ་སོང་ནས་བོད་ཐམས་ཅད་བཀྲ་མི་ཤིས་པ་ཡིན་གསུངས། གཤིན་པོའི་བསྔོ་བ་དང་བདུན་ཚིགས་བྱེད་པ་ལ། གང་ཟག་འདི་ལྟ་བུས་བཏུབ། འདི་ལྟ་བུས་མི་བཏུབ་བགྱི་བའི་ཚད་ཨེ་བདོག་ཞུས་པས། བདུན་ཚིགས་དང་རབ་གནས་དང་། སྦྱིན་སྲེག་དང་། ལས་ཚོགས་ཀྱི་རིགས་འདི་ཚོ་ཀུན་ལ་དབང་བསྐུར་ཐོབ་དགོས། རྒྱུད་ཐོས་ནས་དམ་ཚིག་བསྲུང་བའི་བསྙེན་པ་ཐེང་ཅིག་དགོས་པ་ཡིན། ད་ལྟའི་བཀའ་གདམས་པ་ལ་སོགས་པའི་ལག་ལེན་བྱེད་པ་འདི་ཚོ་ཀུན་འགལ་བ་དང་ནོར་བ་ཤས་ཆེ་བར་འདུག གང་ལྟར་ལགས་སམ་གསུངས། བསྔོ་བ་འདི་བརྒྱུད་པ་དང་ཚུལ་ཁྲིམས་རྣམ་པར་དག་པ་ཕན་སེམས་བག་ཙམ་ལ་རྟེན་ཡིན་སུ་འཆོལ་འཆོལ་བྱེད་ཡིན་གདའ་བ་སྨོན་ལམ་ཡིན་པས་ཕན་ཡོན་ཙམ་རེ་ཡོང་ནས་མཆི་ཡི། གཙོ་བོར་བྱང་ཆུབ་ཀྱི་སེམས་དགོས་པ་