R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༧བ
[A:༡༡༧བ]འགྲན་ངན་པར་འཆའ་གསུངས། ལུང་གི་དུས་ཡིན་པས་ཅིས་ཀྱང་ལུང་ལ་བརྟེན་པ་ངོ་མཚར་ཆེ་གསུངས། དགེ་བཤེས་འཆད་ཁ་བས་ཤ་ར་བ་ལ་བོད་དུ་འགྱུར་ཚད་ཀྱི་ཆོས་ལ་ཁྱོད་ལོངས་སྤྱོད་ཅིག་གསུངས་ནས་འདུག དེས་ལུང་གི་གོ་ཨེ་ཆོད་ཞུས་པས། དེ་འཇམ་ལུང་བྱ་བ་ཡིན་ཏེ་ལུང་གི་གོ་མི་ཆོད། འོན་ཀྱང་མེད་པ་བས་དྲག་གསུངས། འན་བུ་ལ་ཡང་བླ་མས་དེ་ཞུ་དགོས་ཞུ་དང་བྱས་པས། ཁྱེད་རང་ཡང་དེ་ལྟར་མཛོད་ཅིག་གསུངས། དེས་མི་འོང་བོད་དུ་འགྱུར་ཚད་དང་། སྒྲུབ་ཐབས། མན་ངག་ལ་སོགས་པ་ཐམས་ཅད་ལ་ལོངས་སྤྱོད་ཅིག་གསུང་བར་ཞུ་བགྱིས་པས། བོད་དུ་འགྱུར་ཚད་དང་། འདྲེས་ཁྱེར། དམ་ཉམས་ནས་མ་བརྒྱུད་པའི་སྒྲུབ་ཐབས་མན་ངག་ཐམས་ཅད་ལ་ཁྱེད་རང་ལོངས་སྤྱོད་ཅིག་གསུངས། འོ་ན་སངས་རྒྱས་རྣམས་སེམས་ཅན་གྱི་དུས་ན་ཐ་དད་ཐ་དད་རྣམས་བསྒྲུབས་ཤིང་ཉམས་སུ་བླངས་པས། སངས་རྒྱས་ཀྱི་ས་ནའང་ཐ་དད་ཐ་དད་དུ་བཞུགས་པ་ཡིན་ནམ། འོན་ཏེ་ཆོས་སྐུ་གཅིག་ཏུ་གྱུར་ནས་བཞུགས་པ་ཡིན་ཞུས་པས། སངས་རྒྱས་རྣམས་ནི་ཟག་མེད་དབྱིངས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང་། །སྔོན་གྱི་ལུས་རྗེས་འབྲངས་པ་ཡིན། །སངས་རྒྱས་གཅིག་མིན་ཐ་དད་མིན། །བགྱི་བ་ལགས་པས། གཅིག་པའང་མིན་ཐ་དད་པའང་མིན། གཅིག་པའང་ལགས། ཐ་དད་པའང་ལགས་བགྱི་བ་མུ་བཞིར་མཆི་བ་ལགས་གསུངས། འོ་ན་སྔོན་གྱི་བཀའ་གདམས་པ་རྣམས་ཐོབ་མི་ཐོབ་ཟེར་ནས་གཤིན་གྱི་རུས་པ་ལ་ཚ་ཚ་བཏབ། གདུང་ཁང་ལ་སོགས་པ་ལ་ཤིན་ཏུ་རྩེག་པར་བྱེད་པར་གདའ། ད་ལྟ་ནི་བདག་འཛིན་སུ་ཆེ་དང་ནོར་སུ་ཡོད་ཀྱིས་