R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༧ན
[A:༡༡༧ན]བསྐྱེད་ཀྱི་སྣོད་བཅུད་ཀྱང་ཆོས་ནས་བཤད་པའི་མཚན་ཉིད་དང་ལྡན་པ་དཀའ་སྟེ་བྱེད་ཀྱིན་འདུག་པ། ཉན་ཐོས་ཀྱི་མཁན་སློབ་ཀྱང་མཚན་ཉིད་དང་ལྡན་པ་དཀའ་ཞིང་། སློབ་མ་ངེས་འབྱུང་གི་བསམ་པ་ཡོད་པའང་དཀའ་སྟེ། བནྡེ་འཆོལ་ཚད་བྱེད་ཀྱིན་འདུག་པ་གསུངས་ནས། ལུང་རིགས་མང་པོ་གཅིག་རྟིང་ལ་གཅིག་སྤུངས་ཀྱིན་སྤྱན་ཧུར་ཧུར་མི་རིགས་པ་ཆེན་པོར་མཛད་ཀྱིན་གདའོ། །འོ་ན་བསླབ་བཏུས་ཀུན་ན་སྔགས་ཀྱི་ཡིག་ཕྲེང་ཁ་ཡར་གདའ་བ་དེ་ཀུན་ལ་གསང་སྒྲོགས་ཨེ་མཆི་ཞུས་པས། དེ་མི་ཡོང་རིག་སྔགས་ཀྱི་གཟུངས་སྔགས་བྱ་བ་ཡིན། འོན་ཀྱང་གསུངས་ཙ་ན་སྔགས་མི་ཀློག་པར་དོན་བཤད་ཅིག་བྱེད་པ་ཡིན་གསུངས། ལམ་སྒྲོན་གྱི་གསང་བ་ཤེས་རབ་ཀྱི་དབང་བསྐུར་ནི་ཟེར་བའི་ཚིག་དེ་ལ་གསང་སྒྲོགས་ཨེ་མཆི་ཞུས་པས། དེ་ལ་ས་སྐྱ་པ་གོང་མ་རྣམས་ཀུན་འོང་བར་འདོད། འདི་འགྱུར་གྱི་སྐྱོན་ནམ་ཡིག་མཁན་གྱིས་ནོར་བ་ཨེ་ཡིན། གཞན་དུ་ཇོ་བོ་སྔགས་ཀྱི་པཎྜི་ཏ་ཆེན་པོ་ཡིན་པས་འདི་སྐད་ཟེར་དུ་མི་རིགས། གསང་བ་ཤེས་རབ་ཀྱི་མིང་ཙམ་ཡང་དབང་མ་ཐོབ་པས་ཐོས་སུ་མི་བཏུབ་པར་བཤད། ཚངས་པར་སྤྱོད་པས་མི་བླང་བའི་དབང་གི་རིགས་ཀྱང་ཡོད་པ་ཡིན་གསུང་བ་ཙམ་འཐད་གསུངས། འོ་ན་ངེད་ཀྱི་དགེ་བཤེས་པོ་ཏོ་བས་མ་གསན་པའི་གཞུང་མང་པོ་གསུངས་ནས་གདའ། དེ་ལ་དབང་ཟ་ཨེ་མཆི་ཞུས་པས། རང་གི་བློ་ལ་ཐེ་ཚོམ་མི་སྐྱེ། སྐྱེས་ཀྱང་ཡི་དམ་གྱི་ལྷ་ལ་ཞུར་ཡོད། ཐ་ན་རྨི་ལམ་ཡན་ཆོད་དུ་ཐེ་ཚོམ་ཆོད་པའི་རིགས་ལ་དབང་ཟ་མི་འོང་བའི་སྐབས་ཡོད་དེ། ཁོང་གིས་ཀྱང་མ་གསན་པར་བཤད་ཟེར་ནས་གཞན་གྱི་མིག་