R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༤བ
[A:༡༡༤བ]གང་ཟག་དད་པའི་རྗེས་འབྲང་བྱ་བ་ཡིན་ཏེ་མི་བཟང་། ཤེས་རབ་ཀྱི་དགོས་པ་རྟོག་དཔྱོད་ཡིན། བླ་མ་རང་སྡེ་སྣོད་གསུམ་ཤེས་པའི་བློ་གཟུ་བོར་གནས་པ་གཅིག་གི་དྲུང་དུ་བསྡད་ནས་སྐྱོན་བཙལ་ཡང་མི་རྙེད་པ། སངས་རྒྱས་ཀྱི་འདུ་ཤེས་མ་བསྒོམས་ཀྱང་སྐྱེ་བ་གཅིག་ལ་བསྒོམས་པས་ཤུགས་ཀྱིས་བྱིན་རླབས་འཇུག་ཡོན་ཏན་སྐྱེ་བ་ཡིན་གསུངས། ཡོན་ཏན་སྐྱེ་བ་ལ་བླ་མའི་བྱིན་རླབས་དང་། སློབ་མའི་མོས་གུས་གཉིས་སྟོབས་གང་ཆེ་ཞུས་པས། ཐུན་མོང་གི་ཡོན་ཏན་ལ་སློབ་མའི་མོས་གུས་སྟོབས་ཆེ་བའི་སྐབས་ཀྱང་ཡོད། མཆོག་གི་ཡོན་ཏན་ལ་བླ་མ། སློབ་མ། གདམས་ངག་གསུམ་ཀའི་སྟོབས་རབ་ཏུ་འཛོམ་དགོས་ཏེ། དཔེར་ན་མེ་རྡོ། མེ་ལྕགས། སྤྲ་བ་སྐྱོན་མེད་གསུམ་ལ་མེ་འབྱུང་བ་ལྟར། བླ་མ་བྱིན་རླབས་ཀྱི་བཀའ་བརྒྱུད་མ་ཆད་པ། སློབ་མ་མོས་གུས་ཀྱི་རྟེན་འབྲེལ་མ་འཆུགས་པ། གདམས་ངག་བསྲེ་བསླད་ཀྱི་ཚིག་གིས་མ་སྤགས་པ་གསུམ་འཛོམ་ཙམ་ན་ཡོན་ཏན་ལ་འབད་རྩོལ་མི་དགོས་པར་ངང་ངམ་ཤུགས་ཀྱིས་སྐྱེ་བ་ཡིན་ཏེ། འདི་གསུམ་སྐྱོན་མེད་དུ་འཛོམ་པ་དེ་ཤིན་ཏུ་དཀའ་བར་གདའ་གསུངས། ཡང་སྡུད་པ་ནས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །གསུངས་པ་དང་། མཚན་བརྗོད་ལས་སྔགས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཞེས་གསུངས་པ་དེ་གཉིས་ཀྱི་དགོངས་པ་ཇི་ལྟར་ལགས་ཞུས་པས། འདི་གཉིས་ཐེག་པ་སོ་སོའི་དགོངས་པ་འབྱིན་ལུགས་ཡིན་པས། ཕར་ཕྱིན་པའི་