R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༤ན
[A:༡༡༤ན]ཡིན། སྲིད་པ་དེ་སེམས་རྒྱུད་ལ་ལས་ངན་པ་བཏུལ་ཏེ་མ་ཟད་པས་ས་བོན་བག་ཙམ་ཅིག་ཀྱང་ཡོད། དེས་གཞི་བྱས་ནས་ངན་སོང་དུ་སྐྱེ་རྒྱུའི་ལས་དེ་གཞི་ནས་གསོག་ཙ་ན་གདོད་སྐྱེ་བ་ཡིན། གོང་གི་ས་བོན་རྐྱང་པ་དེས་སྐྱེ་མི་ནུས། ས་བོན་དེ་མེད་ནའང་ལས་ངན་པ་བསགས་པའི་གཞི་མེད་པས་གཉིས་ཀ་འཚོགས་དགོས་པ་ལགས་གསུངས། འོ་ན་ཉན་རང་གི་ཐེག་པ་ཆེན་པོ་རིལ་པོར་སྤངས་པ་ལ་ངན་སོང་དུ་མི་སྐྱེ་བ་དེ་ཇི་ལྟར་ལགས་ཞུས་པས། ཐེག་པ་ཆེན་པོ་སྤངས་པས་ངན་སོང་དུ་སྐྱེ་བ་དེ་དང་པོ་ཐེག་པ་ཆེན་པོ་ཆོས་ཡིན་པ་ཤེས་པ་ལ། ཕྱི་ནས་ཉོན་མོངས་པ་འགའ་ཞིག་གིས་ཀུན་ནས་བླངས། མི་དགེ་བའི་བཤེས་གཉེན་གྱིས་ཟིན་ནས་ལོག་ལྟ་སྐྱེས་ཏེ་རིལ་པོ་སྤངས་པས་ངན་སོང་དུ་སྐྱེ་བ་ཡིན་ལ། ཉན་རང་ཁོ་རང་གི་གྲུབ་མཐའ་བརྟན་པ་དང་ངེས་པར་བྱ་བའི་ཕྱིར། ཐེག་པ་ཆེན་པོ་སུན་འབྱིན་པ་ཡིན། ཐེག་པ་ཆེན་པོ་པ་རང་གིས་ཀྱང་སེམས་ཙམ་པས་དབུ་མ་སུན་འབྱིན། དབུ་མ་པས་སེམས་ཙམ་པ་སུན་འབྱིན་ཏེ། རང་གི་གྲུབ་མཐའ་ངེས་པར་བྱ་བའི་ཕྱིར། གྲུབ་མཐའ་གོང་འོག་སུན་འབྱིན་པ་ལ་ངེས་པ་མེད་པ་ཡིན་གསུངས། ཉན་ཐོས་ཁོ་རང་སངས་རྒྱས་ཅིག་ཀྱང་མ་བྲལ་བར་འགྲོགས་པ་ལ། ཐེག་པ་ཆེན་པོ་བྱ་བ་ཚིག་ཅིག་ཀྱང་གསུངས་པར་ཉན་རང་གི་བསྔགས་པ་དང་ཆེ་བ་གཅིག་པུ་བརྗོད་པ་ཁོ་རང་ལ་ངེས་འཐད་ནས་ཡོད་པ་ཡིན་གསུངས། བླ་མ་ལ་རྟོག་དཔྱོད་ཡེ་མི་བྱེད་པར་དང་པོ་ནས་སངས་རྒྱས་སུ་བསྒོམ་པ་དེ་ལེགས་སམ། རྟོག་དཔྱོད་བྱས་ནས་བསྒོམ་དུ་བཏུབ་ན་བསྒོམ་པ་དེ་ལེགས་ཞུས་པས། རྟོག་དཔྱོད་ཡེ་མ་བྱས་པར་སངས་རྒྱས་སུ་བསྒོམ་པ་དེ་