R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡༣བ
[A:༡༡༣བ]ཐོབ་པ་གཅིག་དགོས་པར་གདའ་བ་ལ། འོ་ན་སངས་རྒྱས་ཞལ་བཞུགས་པའི་དུས་ནའང་སངས་རྒྱས་མཐོང་ཚད་ཚོགས་ལམ་པར་འོང་ངམ་འོན་ཏེ་འདས་ནས་མཐོང་བ་ཚོགས་ལམ་པར་འོང་ཞུས་པས། དེ་གཞན་སྟོབས་ཀྱིས་མཐོང་བ་དང་། རང་སྟོབས་ཀྱིས་མཐོང་བ་གཉིས་ལགས། གཞན་སྟོབས་ཀྱིས་མཐོང་བ་བྱ་བ། ངའི་རྒྱལ་པོ་བལྟ་བར་འདོད་པ་ལ། རྒྱལ་པོ་དབུས་གཙང་ལྟ་བུ་གཅིག་ཏུ་ཁོང་ཡར་འོངས་ནས་ཁོང་བལྟ་བ་ལ་དཀའ་ཐུབ་གང་ཡང་མི་དགོས། མིག་ཡོད་པ་ཙམ་གྱིས་ཁོང་མཐོང་ནས་འོང་། དེ་བཞིན་དུ་སངས་རྒྱས་ཞལ་བཞུགས་པའི་དུས་ན་སངས་རྒྱས་མཐོང་བ་ལ་ཚོགས་ལམ་ཐོབ་མི་དགོས། ཐ་མལ་པ་ཡན་ཆོད་ཐམས་ཅད་ཀྱིས་མཐོང་ནས་ཡོང་། རང་སྟོབས་ཀྱིས་མཐོང་བ་བྱ་བ་མ་གི་ལྟ་བུར་ཕྱིན་ནས་རྒྱལ་པོ་བལྟ་བར་འདོད་ན་ཐག་རིང་པོ་ཡོད། དཀའ་ཐུབ་ཆེན་པོ་བྱས་ནས་མ་གིར་སླེབས་ཙ་ན་རྒྱལ་པོ་མཐོང་སྟེ་འོང་། དེ་བཞིན་དུ་སངས་རྒྱས་འདས་ནས་སྤྲུལ་སྐུ་ཞལ་མཐོང་བ་ལ་ཚོགས་ལམ་ཐོབ་དགོས་པ་ཡིན་གསུངས། ཚོགས་ལམ་པ་ངན་སོང་དུ་སྐྱེ་བ་སྲིད་པར་གདའ་བ། དེ་ལ་ངན་སོང་དུ་སྐྱེ་བ་ལ་མི་དགེ་བ་སྟོབས་ཅན་དགོས་པ་འདུག ཚོགས་ལམ་ཐོབ་པ་ལ་ནི་དགེ་བ་སྟོབས་ཅན་ཅིག་དགོས་པར་འདུག་པས། ཚོགས་ལམ་པ་དེས་ཚོགས་ལམ་ཐོབ་པའི་དུས་དེ་རང་ནའང་ངན་སོང་དུ་སྐྱེ་བའི་རྒྱུ་ལས། དེ་ས་བོན་གྱི་ཚུལ་དུ་ཁོའི་སེམས་རྒྱུད་ལ་ཡོད་དམ། འོན་ཏེ་ཁོ་ཇེ་དམན་ཇེ་དམན་གྱུར་ནས་ངན་སོང་དུ་སྐྱེ་རྒྱུའི་ལས་དེ་གཞི་ནས་གསོག་པ་ཡིན་ཞུས་པས། དེ་སྤྱིར་ཚོགས་ལམ་པ་ཕལ་ཆེ་བ་ངན་སོང་དུ་མི་སྐྱེ། བསོད་ནམས་ཀྱི་ཚོགས་གཙོ་བོར་གསོག་པ་