R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༥བ
[A:༡༠༥བ]བདག་གིས་ངན་སོང་སྦྱོང་བ་གཉིས་དང་། བཀའ་གདམས་ལྷ་བཞི་དང་། སྨན་བླ་དང་། ཚོགས་བདག་དང་། ཆོས་སྐྱོང་དང་། ཡི་གེ་བརྒྱ་པ་དང་། ཡི་གེ་གཅིག་མ་དང་། དེ་ལྟ་བུ་མང་བ་གཅིག་ལ་བདག་ལ་ལུང་ཡང་ཡོད། ལག་ལེན་ཡང་བྱེད་པ་ཡིན་ཏེ། བྱིན་རླབས་མྱུར་དུ་རེ་བ་ལགས་པས་དེ་ཐམས་ཅད་ལ་ཡང་ལུང་རེ་ཞུ་བགྱིས་པས་གནང་ངོ་། །དེ་ནས་ཉེར་བཞིའི་ནུབ་མོ་མར་འགྲོ་རྣམས་ཀྱི་ཁ་བ་ཆེས་པས་མི་རྟ་ཡོ་གྲོ་ནས་ཆ། བླ་མས་རྭ་སྒྲེང་ལྟ་བུ་གཅིག་ཏུ་ཆོས་གསུངས། གཞན་རྣམས་ཞག་ཤས་རྟ་གསོ་དགོས་བྱས་ནས་ཞུས་པས་མ་གནང་སྐད། ནད་པ་གཉིས་ཀྱི་རྩར་ཡང་བྱོན་དགོས་པར་བྱུང་ནས་གདའ། དེ་ནས་ཉེར་ལྔའི་ནུབ་མོ་དཔོན་གྱི་དྲུང་དུ་བཞག་དྲོ་དྲངས། བླ་མ་པ་དང་ངེད་ཀྱི་ལོ་རྒྱུས་ཞིབ་པར་བྱུང་གསུངས་ནས། འཇའ་ས་ལེགས་པ་གཅིག་གནང་ནས་ཡིག་མཁན་འདི་ལ་གསེར་ཞོ་རེ་དགོས་པ་ཡིན་ཏེ། ཁྱེད་དགེ་སྦྱོང་བར་གདའ་བས་མི་ཞུ་བ་ལགས་གསུངས་ནས་ཐུགས་ལ་བཏགས་སོ། །དེའི་དགོངས་མོ་ཤོག་གསུངས་ནས་ཕྱིན། ཉི་མ་མདུང་གང་ཙམ་གྱི་དུས་ཡིན། དེ་ཙམ་ན་བཀའ་གདམས་པ་ལ་སོགས་པ་ཕལ་གྱི་ཟིན་པ་ལ་ཕྱིང་གུར་ཆེན་མོ་གཅིག་གི་ནང་དུ་མི་ཆེན་ཉིས་བརྒྱ་ཙམ་པ་གཅིག་ལ་ཐེག་པ་སྤྱིའི་བབས་ཇི་ལྟར་ཡིན་པ་དང་། བྱེ་བྲག་གྲུབ་མཐའ་སོ་སོའི་བཞེད་ལུགས་དང་། ཁྱད་པར་བསྟན་པ་འདིའི་སྙིང་པོ་སྔགས་ཡིན་ལུགས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་བཤད་པའང་སྔགས་ཁོ་ན་མང་ལུགས་དང་། ཕར་ཕྱིན་དྲུག་དང་། མཚན་ཉིད་གསུམ་དང་། བདེན་པ་གཉིས་དང་ལམ་རིམ་པ་གཉིས་རྣམས་གོ་ན་ཁྱད་པར་མེད་ལུགས་