R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༤བ
[A:༡༠༤བ]བཀུར་བྱས་ནས་མར་གྱི་འགྲོ་སྟབས་དང་། ཟ་མའི་བཟའ་ལུགས་དང་། དགེ་བཤེས་ཚན་གཅིག་ལ་རིམ་གྲོའི་གཉེར་གཏད་ལ་སོགས་པའི་བསླབ་བྱ་དང་བཅས་པའི་ཁྲིམས་མང་པོ་མཛད་སྐད། དེ་ནས་ཉི་ཤུའི་ནུབ་མོ་སྒྱུ་མ་ཆེན་མོའི་སྟ་གོན། ཉེར་གཅིག་གི་ནུབ་མོ་དངོས་གཞི་མཛད་པ་ལ། བླ་མ་གསེར་ཁྲི་མཐོན་པོ་གཅིག་ལ་བཞུགས། དེའི་གཡས་ཕྱོགས་ན་རྟེན་མང་པོ་བཀྲམ། མདུན་ན་མཆོད་པ་བཟང་པོ་མང་པོ་བཤམས། གཡོན་ཕྱོགས་ཀྱི་ཁྲིའི་རྩ་ན་མངོན་པ་བས་དབུ་བྱས་ནས་དགེ་བཤེས་དང་མི་ཆེན་ཤ་སྟག་གྲལ་རིམ་བྱས་ནས་སྒོར་གྱིས་བསྐོར་བས་གཡས་ཀྱི་མཆོད་པའི་དྲུང་ཡན་ཆད་ཉི་ཤུ་རྩ་བཞིས་འཁོར་བ། དེའི་རྒྱབ་ན་ཕར་ལ་དབང་གཏད་པ་མང་པོ། དེའི་ནང་འཁོར་ན་ཉེ་གནས་པ་དང་མཆོད་གཡོག་པ་མང་པོ། དེ་རྣམས་ཀྱི་དབུས་ན་བླ་མའི་ཁྲིའི་དྲུང་རང་དུ་གདན་བཟང་པོ་བཏིང་བའི་སྟེང་དུ་བདག་བཞག་ནས་བསྙེན་བཀུར་ཐམས་ཅད་ཀྱང་སྔོན་ལ་འདྲེན། བླ་མའི་དབང་གི་ཆོ་ག་ཐམས་ཅད་ཀྱང་སྔོན་ལ་བདག་ལ་གཞན་པས་ཡུན་རིང་བ་རེ་མཛད། ཐ་ན་དུང་དང་འཁོར་ལོ་དང་མདའ་གཞུ་ལག་ཏུ་གཏོང་པ་ཡན་ཆད་དབང་གི་བྱ་བ་གང་ཡིན་པ་དེ་ཐམས་ཅད་བདག་ལ་འཁོར་གྱིས་བྱེད་མ་མྱོང་། ཐམས་ཅད་བླ་མས་མཛད། གཞན་ཕལ་ཆེར་འཁོར་ལ་གཉེར་གྱིན་འཁོར་གྱིས་མཛད་པར་གདའ། མཚམས་མཚམས་སུ་གདམས་ངག་མང་པོ་དང་རྗེས་ཟློས་མང་པོ་དགོས་པ་བདག་ལ་གསུང་སྤྲད་ཀྱིན་བདག་གཅིག་པུ་ལ་མཛད་པ་བཞིན་དུ་བགྱིས་སོ། །རྗེས་ཀྱི་ཆོ་ག་ཡན་ཆོད་ཚར་བའི་རྗེས་ལ། སང་དྲོ་ཐོན་ཙམ་ན་ཁྱེད་རང་ཐམས་ཅད་གུར་འདིའི་མཐའ་སྐོར་དུ་ཚོགས་ཤིག་གསུངས་ནས་གྱེས་