R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༤ན
[A:༡༠༤ན]ཁོང་ལ་གཏད་ནས་མདང་གི་སེམས་བསྐྱེད་དེ་རྣམས་ལ་གེགས་སེལ་ལ་སོགས་པའི་ཆོས་མང་པོ་ཡང་གསུངས། ཆབ་ཚ་དྲངས་ནས་གོང་གི་གསུང་གླེང་འཕྲོ་མང་དུ་བྱུང་ངོ་། །དེ་ནས་ཚེས་བཅོ་བརྒྱད་ཀྱི་སྔ་དྲོ་འཇམ་སེར་བདག་འདུག་སར་བཏང་ནས་བྱུང་ནས་བླ་མའི་ཞལ་ནས། ཁྱེད་རང་དེ་རིང་སང་གཉིས་མཎྜལ་འབུལ་གྱིན་གསོལ་བ་ཐོབ། དབང་དེ་ཁྱེད་རང་གཅིག་པུ་ལ་དྲིལ་བུ་བ་ལྟ་བུ་ཞིག་ལོགས་སུ་བྱའམ། གནང་ནུབ་འཁོར་དགེ་བཤེས་བཟང་པོ་ཤ་སྟག་མང་པོ་ཅིག་སྒྱུ་མ་ཆེན་མོའི་དབང་ནུབ་གཉིས་པ་གཅིག་ཞུ་བར་ཡོད། གྲོགས་པོ་ནི་བཟང་པོ་ཤ་སྟག་ཡོད། དེ་གཉིས་གང་འཐད་ཁོ་རང་ལ་ཞུས་ལ་ཤོག ཁོང་གང་དགྱེས་བྱེད་དགོས་གསུངས་སྐད། དེར་བདག་གིས་འཇམ་སེར་ལ་ངས་ཅང་མི་ཤེས། གང་ལྟར་འཐད་ཡས་ཚོད་ཆེ་ཞུས་པས། ཁོང་གི་ཞལ་ནས་དུས་ཐུག་བྱ་བ་མང་ནས་འདུག་པས་ཡས་རང་གཅིག་པུར་སོང་ན། བླ་མ་ལ་བག་གཟན་ནས་འོང་། འདི་ཚོའི་ཁྱུར་ཞུགས་ན་ཁོང་བག་མཉེས་ཏེ་འོང་། ཁྱེད་རང་གང་དགེས་ཐུགས་ལ་འདོགས་པར་གནང་གསུངས་པས། དེ་བདེན་བླ་མ་ལ་གཟན་ན་མི་ཡོང་། ཟླ་བོ་བཟང་ཙ་ན་དེ་རྣམས་ཀྱི་ཁྱུར་བཞུགས་དགོས། སྟོན་གཞོན་དང་དགེ་སློང་དང་། ཁྱེད་ཡོངས་སོང་ལ་དབང་གཉེར་བ་ལ་ཁྲལ་དང་ཐམས་ཅད་གཏན་ལ་ཕོབ་ཅིག་བགྱིས་ནས་ཁོང་རྣམས་བཏང་། བླ་མ་ལ་དེ་ཚོ་བཤད་པས་དགྱེས་པར་གདའ། དེ་ནས་དེའི་ནུབ་མོ་སྟག་ལུང་པའི་དབོན་པོ་ལ་སོགས་པ་མང་པོ་གཅིག་ལ་དབང་མཛད། དེ་ནས་བཅུ་དགུའི་ནུབ་མོ་མར་འགྲོའི་དགེ་བཤེས་དང་། མི་དཔོན་ཐམས་ཅད་བསགས་ནས་བསྙེན་