R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༤ན
[A:༦༤ན]ཆོས་རྗེ་གཏོར་མ་མཛད་པའི་དྲུང་དུ་སླེབས་ནས་ཕྱག་འཚལ་བའི་རྗེས་ཐོགས་སུ་ཆོས་རྗེའི་ཞལ་སྔ་ནས་དགེ་བཤེས་ཡོང་ངམ་གསུངས། མཆིས་ལགས་ཞུས་པས་ཅི་ལ་ཡོང་གསུངས། ཞུ་རྒྱུ་ཅིག་བདོག་ཅེས་སྨྲས་པས། མདང་གི་དེ་མ་ཡིན་ནམ། རྒྱལ་པོ་དཔེ་དཀར་ཁོ་ཆོ་འཕྲུལ་ཅིག་སྟོན་གྱིན་འདུག་པ་ཡིན་ཏེ། ད་ང་དང་འཕྲད་པས་བཏུབ་པར་ཡོང་། འོན་ཀྱང་ན་ཚ་དྲག་པོ་ཅིག་ཡོང་དོགས་ཡོད་ཅེས་གསུངས་པ་ལ་དེ་ལོ་གཡག་སྡེ་པ་ལ་བསྙུང་གཞི་དྲག་པོ་འགྲོངས་ལ་ཁད་པ་ཅིག་བྱུང་ནས་དེ་དངས་པ་ཚུན་ཆད། སྒྲུབ་པ་འཕེལ་ཞིང་བསོད་ནམས་ཆེན་པོ་བྱུང་བ་ལ་བརྟེན་ཏེ། གཡག་སྡེ་བ་ན་རེ། དེ་མན་ཆད་ཆོས་རྗེ་སངས་རྒྱས་དངོས་ཡིན་སྙམ་པའི་མི་ཕྱེད་པའི་དད་པ་ཡོད་ཅེས་གསུངས་པར་གྲགས་ཤིང་། དངོས་སློབ་གཞན་དག་ལ་ཡང་འདི་ནི་ངེས་པར་འཇམ་དབྱངས་ཉིད་དོ་ཞེས་ཤིན་ཏུ་ཐུགས་ཆེས་པར་སྣང་བ་ཡིན་ནོ་ཞེས་བྱ་བ་གཉན་སྟོད་འདུལ་བ་སེང་གེས་བསྒྲིགས་པའི་གསུང་ངག་གི་རྣམ་པར་ཐར་པ་ལས་འབྱུང་ངོ་། །གཞན་ཡང་དབུ་མ་པ་ཤེས་རབ་འབུམ་གྱིས་གསུང་ངག་རིན་པོ་ཆེ་ལམ་འབྲས་ཞུས་ཏེ་བསྒོམས་པས་ཁམས་འདུས་བྱུང་ནས་ཆོས་རྗེ་པའི་དྲུང་དུ་ཕྱིན་ཏེ། ཁམས་འདུས་འདི་ལྟ་བུ་བྱུང་བས་གེགས་སེལ་གནང་དགོས་ཞེས་ཞུས་པས། གཞན་ཅི་ཡང་མི་གསུང་བར་ཤེས་རབ་ཡོད་ན་ཁམས་འདུས་རྒྱུ་མེད་ཅེས་གསུངས། དེ་ནས་དེ་ཀའི་དོན་ལ་ཞིབ་ཏུ་བསམ་པས་ཏིང་ངེ་འཛིན་གྱི་མཆོག་རྒྱུད་ལ་སྐྱེས་སོ་ཞེས་ཀྱང་རྣམ་ཐར་ལས་འབྱུང་སྟེ་གཞན་དོན་མཛད་པའི་རྣམ་པར་ཐར་པ་ཕུལ་དུ་བྱུང་བའོ། །གཞན་ཡང་ལམ་འབྲས་ནས་