R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༣བ
[A:༦༣བ]གཏམ་དུ་དེ་ལྟར་གྲགས། །ཞེས་གསུངས་སོ། །ཡང་གཙང་ནགས་ཕུག་པ་འཇམ་དབྱངས་ཤེས་རབ་འོད་ཟེར་གྱི་རྣམ་ཐར་ལས་ཀྱང་། ཁོང་གི་རྨི་ལམ་ཟིན་ནས་ནམ་མཁར་འཕུར་ནས་ཤར་ཕྱོགས་སུ་ཕྱིན་པས། རྒྱའི་རི་བོ་རྩེ་ལྔ་ཡིན་ཟེར་བའི་སྤང་རི་བཟང་པོ་ཤིན་ཏུ་ཡིད་དུ་འོང་བ་ཅིག་གི་སྟེང་ན་གནས་གཞི་བཟང་པོ་ལྟ་བུའི་ཁང་བཟང་ཅིག་སྣང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཕོ་བྲང་ཡིན་སྙམ་ནས་མཐའ་མར་བསྐོར་ཞིང་གསོལ་བ་བཏབ་པས་ཡུན་རིང་དུ་སྒོ་མ་རྙེད། མཐར་ཤར་ཕྱོགས་ནས་སྒོ་གཅིག་ཕྱེ་ནས་ནང་དུ་ཕྱིན་པར་སྣང་ནས་གཙུག་ལག་ཁང་ཤིན་ཏུ་བཟང་བ་ཅིག་འདུག དེའི་དབུས་ན་རིན་པོ་ཆེའི་ཁྲི་ཆེན་པོ་གཅིག་གི་སྟེང་ན་བླ་མ་ཆོས་རྗེ་ས་སྐྱ་པ་ཞལ་བྱང་དུ་བསྟན་ནས་བཞུགས་འདུག འདི་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཉིད་ཡིན་སྙམ་ནས་ཕྱག་དང་བསྐོར་བ་མང་དུ་བྱས་ཤིང་གསོལ་བ་བཏབ་པས། གསུང་ནི་མ་བྱོན། དར་གྱི་ན་བཟའ་མང་པོ་ཞིག་གིས་དྲིལ་བའི་གླེགས་བམ་གཅིག་གནང་ནས་བལྟས་པས་གསེར་གྱི་མཚན་བརྗོད་ཅིག་འདུག་པ་རྨིས། དེ་ནས་ཡུན་རིང་དུ་ཉིན་པར་སྟོང་ཉིད་ཀྱི་དོན་ལ་བློ་གྲོས་འཇུག་པ་དང་། མཚན་མོ་རྨི་ལམ་བཟང་པོ་མང་དུ་བྱུང་ཞེས་དྲིས་ཏེ་ངོ་མཚར་བའི་རྣམ་འཕྲུལ་ལོ། །གཞན་ཡང་ཆོས་ཀྱི་རྗེ་དབུས་སུ་ཆོས་འཁོར་ཅིག་ལ་གདན་དྲངས་ནས་བཞུགས་པ་དང་། ཉེ་བའི་ལྷོ་རོང་ཅིག་ན་དགེ་བཤེས་གཡག་སྡེ་བསོད་ནམས་བཟང་པོ་ཞེས་བྱ་བ་སྒྲུབ་པ་མཛད་ཀྱིན་ཡོད་པས། སྲོད་ཀྱི་ཆ་ལ་རང་གིས་ཡི་དམ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཐོང་བའི་རྗེས་སུ་ཅི་ཡིན་མ་ཤེས་ནས་ཐོ་རངས་སྔ་མོར་ལངས་ནས་ཆོས་རྗེ་ལ་ཞུ་རུ་ཡོང་བ་དང་། སྲོད་ལ་