R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༤བ
[A:༦༤བ]བཤད་པའི་རྒྱས་པའི་འཆི་ལྟས་ནི་གང་ཟག་འགའ་ཙམ་ལ་མི་འབྱུང་ཞིང་། བྱུང་བའི་ཚེ་ན་ནི་དུས་ངེས་པ་ཅན་ཡིན་ནོ་ཞེས་བཤད་ལ། ཤར་པ་ཤེས་རབ་འབྱུང་གནས་ལ་དེ་ལྟ་བུའི་ལྟས་བྱུང་བའི་ཚེ། བླ་མའི་རྣལ་འབྱོར་འབའ་ཞིག་ཐུགས་དམ་དུ་མཛད་ཅིང་གསོལ་བ་བཏབ་པས་རྒྱས་པའི་འཆི་ལྟས་ལས་ཀྱང་གྲོལ་ཏེ། །ཡུན་རིང་དུ་བཞུགས་སོ་ཞེས་ཀྱང་རྣམ་ཐར་ལས་གསུངས་སོ། །གཞན་ཡང་འདི་ཉིད་གང་ན་བཞུགས་པའི་ས་ཕྱོགས་སུ་འབྱུང་པོའི་གདོན་གྱིས་བྱས་པའི་རིམས་ནད་དང་། ཕྱི་ནང་གི་འཁྲུག་ལོང་དང་ལོ་ཉེས་ལ་སོགས་པ་མི་འབྱུང་ཞིང་། རྒྱ་ལམ་ཞིག་ན་བྱུང་ན་ཡང་ཉིད་ཀྱི་མཐུས་མྱུར་དུ་ཞི་བ་དང་། སྤྱོད་ཡུལ་གྱི་འགྲོ་བ་རྣམས་ཀྱང་ཕན་ཚུན་བྱམས་པའི་སེམས་དང་ལྡན་པ་ཡིན་ནོ། །དེས་ན་འདི་ཉིད་ཇི་སྲིད་བཞུགས་པ་དེ་སྲིད་དུ་ཡུལ་འདིར་ཧོར་ལ་སོགས་པ་ཕ་རོལ་གྱི་དམག་དང་། ནང་གི་འཁྲུག་པ་ལ་སོགས་པ་གཏན་ནས་མ་བྱུང་ངོ་། །རྒྱས་པའི་འཕྲིན་ལས་ཀྱང་ཆོས་དང་འཇིག་རྟེན་གྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་གྲངས་མེད་པ་ཞིག་བྱུང་སྟེ། བཤད་སྒྲུབ་ཀྱི་བསྟན་པའི་པད་ཚལ་ཤིན་ཏུ་རྒྱས་པར་གྱུར་ནས། མཁས་པ་དང་གྲུབ་པའི་ཡོན་ཏན་བརྙེས་པའི་སློབ་མའི་ཚོགས་གྲངས་མེད་པ་བསྐྲུན་ཞིང་། རང་དང་དུས་མཚུངས་པའི་མཁས་པའི་སྐྱེ་བོ་ཆེས་ཆེ་བ་དག་གིས་ཀྱང་ཞབས་ཀྱི་པདྨོ་སྤྱི་བོའི་གཙུག་ཏུ་གུས་པས་བླངས་ཏེ་མཆོད་པར་བྱས་སོ་ཞེས་ཐོས་ཏེ། དཔེར་ན། དེ་དུས་ཀྱི་འཆད་ཉན་སྨར་ཞིང་མཁས་པར་གྲགས་པ་སྨྱལ་ཞིག་འཇམ་པའི་རྡོ་རྗེ་དཔོན་སློབ་རྣམས་ཡིན་པ་ལས། ཆོས་རྗེ་པའི་སྙན་གྲགས་ཤིན་ཏུ་མ་བཟོད་ནས། བུ་དགུའི་རིག་པ་བཟང་ཤོས་འུ་ཡུག་པ་