R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༣ན
[A:༦༣ན]སོང་། ལམ་འབྲས་ཕལ་ཆེར་སོང་ནས་སྲིན་པོ་རི་པས་དགེ་འདུན་གྱི་སྟོན་མོ་མཛད་པའི་ཚོགས་དཔོན་ལ་སྤྱན་འདྲེན་དུ་བྱུང་ནས་ནང་པར་འབྱོན་པའི་དོ་ནུབ་དམིགས་པ་དང་། བྱིན་རླབས་དང་། བཀའ་བགྲོས་ཞུ་བ་མང་པོ་ཞིག་གིས་ཐུགས་གཡེངས་ནས་ཐོ་རངས་བར་དུ་མནལ་རྒྱུ་མ་བྱུང་། དེ་ནས་ཅུང་ཟད་མནལ་བ་ན་མི་སྐྱ་ཤར་བ་ཚན་ཅིག་བྱུང་ནས་ཕྱག་དང་ཕྱག་རྟེན་ཕུལ་ཏེ། ཆོས་རྗེ་པ་སེམས་ཅན་ཐམས་ཅད་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་འདིས་ཤིན་ཏུ་ཉམ་ཐག་པར་མི་གདའ་ལགས་སམ་ཟེར་བ་ལ། དེ་ཙུག་འདུག་གསུངས་པས། དེ་ལས་ཐར་པའི་གསོལ་འདེབས་གཅིག་ཞུ་ཟེར་བ་ལ། སྐྱེ་བ་སྐྱེ་བ་མེད་པའི་དོན་རྟོགས་ཀྱང་། །ད་དུང་སྐྱེ་བའི་འདམ་ལས་གྲོལ་མ་གྱུར། །སྐྱེ་བ་ཀུན་ཏུ་སྐྱེ་བོར་སྐྱེ་འགྱུར་བའི། །སྐྱེ་ངན་བདག་གི་སྐྱེ་བའི་སྐྱབས་མཛོད་ཅིག །གྱིས་ལ་གསོལ་བ་ཐོབ་གསུངས་པས། རྒས་པ་ལ་སོགས་པ་གཞན་གསུམ་ལའང་དེ་སྦྱར་དུ་རུང་ངམ་ཟེར་བ་ལ། རུང་ཞེས་གསུངས་པ་ལ། ཕྱག་བཙལ་ནས་བཀའ་དྲིན་ཆེའོ་ཞེས་ཟེར་ནས་སོང་པ་རྨི་ཞིང་། མནལ་སད་པ་ན་དེ་གཙུག་ལག་ཁང་གི་བཀའ་སྲུང་རྒྱལ་པོ་ཡིན་པ་འདུག་སྙམ་དུ་དགོངས་སོ་ཞེས་ཟེར་བ་ཐོས་སོ། །གཞན་ཡང་རྒྱུད་ཡོངས་སུ་དག་པའི་གདུལ་བྱ་འགའ་ཞིག་ལ་རྗེ་བཙུན་འཇམ་པའི་དབྱངས་ཉིད་ཀྱི་སྐུ་དངོས་སུ་བསྟན་ནས་དོན་མཛད་དོ་ཞེས་འབྱུང་སྟེ། བོ་དོང་རིན་པོ་ཆེ་བརྩོན་འགྲུས་རྡོ་རྗེས་དེ་ལྟ་བུར་གཟིགས་སོ་ཞེས་བསྟོད་པ་བྱེད་པས་ཀྱང་། བསམ་པ་དག་པའི་གདུལ་བྱ་འགའ་ཞིག་གིས། །འཇམ་པའི་དབྱངས་སུ་མིག་གིས་མཐོང་གྱུར་ཅིང་། །འཕགས་པའི་ཡུལ་ནའང་