R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༢བ
[A:༦༢བ]འཚལ་ལོ། །ཞེས་པ་དང་། སྲིད་པ་ཀུན་ཏུ་ལེགས་པར་སྦྱངས་པའི་ཕྱིར། །མནལ་ལམ་དུ་ཡང་ཆོས་ཀྱི་སྒོ་རྣམས་ཀུན། །དགེ་བའི་བཤེས་ཀྱིས་མངོན་སུམ་གདམས་པར་མཛད། །རྣམ་དག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་སོ། །གཞན་ཡང་ནུབ་ཅིག་བདག་ཉིད་ཆེན་པོ་ལ་ཁྱེད་སློབ་དཔོན་ཆེན་པོ་དཔལ་ཕྱོགས་ཀྱི་གླང་པོའི་གདན་སར་བསྐོ་བས་གཤེགས་པར་ཞུ་ཟེར་ཞིང་། ཕྱོགས་ཀྱི་གླང་པོའི་རི་ཕུག་ཡིན་ཟེར་བའི་བྲག་བུག་སྒོ་གླེགས་དང་བཅས་པ། ངོས་རྣམས་ལ་གླེགས་བམ་མང་པོ་ཡོད་པ་ཞིག་གི་ལྡེ་མིག་གཏད་པ་རྨིས་ཏེ། དེ་ནས་ཚད་མའི་བསྟན་བཅོས་རྣམས་འབད་མི་དགོས་པར་མཁྱེན་ནོ་ཞེས་གསུངས་པ་དང་། ཡང་སྐྱིད་གྲོང་དུ་བྱོན་ཚེ་ནུབ་གཅིག་མནལ་ལམ་དུ་དེའི་ཇོ་བོ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་དངོས། །དེ་མཚན་ཐུགས་རྗེ་ཆེ་ཞེས་བགྱི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་སོགས་བསྟོད་པ་མཛད་པ་ལ། མནལ་སད་པ་ན་ཚིགས་སུ་བཅད་པ་དང་པོ་བཞི་ལས། གཞན་རྣམས་ནི་མི་དྲན་གསུངས་སོ། །ཡང་སྐབས་ཤིག་གི་ཚེ་མནལ་ལམ་དུ་ཚོགས་ཆེན་པོ་ཞིག་ལ་ཚད་མ་རྣམ་འགྲེལ་གྱི་མཆོད་བརྗོད་སཾ་སྐྲི་ཏའི་སྐད་དུ་གསུངས་པས། ཕྲག་གོང་གཉིས་ནས་ཉི་ཟླ་དུས་གཅིག་ལ་ཤར་ཏེ་སོང་བ་རྨིས་པ་ན། དེ་ཉིད་རྗེ་བཙུན་ཆེན་པོ་ལ་ཞུས་པས། དེ་ལྟ་བུ་ཐུབ་པར་དཀའ་གསུངས་ནས་ཚོགས་པ་ལྔ་སྟོང་ཙམ་ལ་མང་ཇ་བསྐོལ་ཞེས་ཐོས་སོ། །ཡང་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཆོས་འཁོར་ལ་བཙད་པོས་སྤྱན་དྲངས་ནས་ཆོས་འཁོར་མཛད་པ་ན། རྒྱུད་ཀྱི་བརྟག་པ་ཕྱི་མའི་ལེའུ་ལྔ་པ་ཡན་