R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༢ན
[A:༦༢ན]རྩེ་རྙིང་མ་ན་ད་ལྟ་ཡང་ཡོད་དོ། །དེས་ན་བོད་ཀྱི་པཎྜི་ཏས་ཕྱི་རོལ་མུ་སྟེགས་ཀྱི་རྒོལ་བ་བཟློག་པ་ནི་ཆོས་རྗེ་འདི་ཁོ་ནར་ཟད་དོ། །གཉིས་པ་འཕྲིན་ལས་སྣ་ཚོགས་པས་གཞན་གྱི་དོན་མཛད་པའི་ཚུལ་ནི། སྤྱིར་ངོ་མཚར་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་མོད། ཕྱོགས་ཙམ་ཞིག་བརྗོད་ན། བདག་ཉིད་ཆེན་པོ་འདིས་དགུང་ལོ་བཅོ་བརྒྱད་བཞེས་པའི་དུས། དཔལ་ལྡན་ས་སྐྱའི་ཨ་ཕྱིའི་འབུམ་པའི་དྲུང་དུ། སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་ཡིན་ཟེར་བའི་པཎྜི་ཏ་སྔོ་སངས་སྐུ་ཤ་ཧ་ཅང་ཞུམ་པ་མ་ཡིན་པ་ཞིག་བཞུགས་པ་ལ་ཆོས་མངོན་པ་མཛོད་ཟླ་བ་གཅིག་གི་བར་དུ་གསན་པ་རྨིས་ཤིང་། མནལ་སད་པ་ན་མཛོད་ཀྱི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་དེ། ཕྱིས་ཁ་ཆེ་པཎ་ཆེན་ལ་གསན་དུས་སྔར་ལས་ཁྱད་པར་ཆེ་བ་མ་བྱུང་གསུངས་སོ། །དེ་ལྟར་སློབ་དཔོན་དབྱིག་གཉེན་དང་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས་རིམ་པ་བཞིན་དུ་བརྒྱུད་པའི་བཤད་སྲོལ་ཡང་འཇམ་པའི་དབྱངས་ཤེས་རབ་རྒྱ་མཚོས་གསན་ནོ་ཞེས་དེ་ཉིད་ཀྱི་གསན་ཡིག་ལས་འབྱུང་ངོ་། །གཞན་ཡང་མནལ་ལམ་ངོ་མཚར་ཅན་ནི། ཁ་ཆེ་པཎ་ཆེན་བོད་དུ་མ་བྱོན་པ་ན། དེ་ཉིད་ཀྱིས་ཆོས་ཟབ་མོ་རྡོ་རྗེའི་གླུ་རུ་ལེན་པ་གསན་པ་རྨིས་ཏེ། མནལ་སད་པ་ན་ཚིག་དོན་མ་བརྗེད་པར་སྣང་ཞིང་། ཕྱིས་དེ་བོད་དུ་བྱོན་དུས་དོན་དེ་ཉིད་ཞུས་པས། དེ་ནུབ་ཁོ་བོ་ལའང་རྨི་ལམ་དེ་ལྟ་བུ་བྱུང་ཞེས་གསུངས་པར་གྲགས་ལ། དེ་ལྟར་ཡང་། ཆོས་ཀྱི་མ་མོ་མ་བསླབས་ཐུགས་སུ་ཆུད། །གཞོན་ནུའི་དུས་ན་ཡོན་ཏན་ཐམས་ཅད་རྫོགས། མཁས་པ་དུ་མའི་ཚོགས་ཀྱི་དབུས་ན་བསྟོད། །བློ་ལྡན་ཁྱོད་ལ་སྤྱི་བོས་ཕྱག་