R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༠བ
[A:༦༠བ]པ། གྲུབ་ཆེན་བཅུ་ཕྲ་མོ་བརྒྱད་དང་བཅས་པ། ཨཥྚའི་གཞི་བཤད། ཚོགས་ཀྱི་འཁོར་ལོའི་ཡི་གེ བདག་མེད་མའི་བསྟོད་པའི་འགྲེལ་པ། རིགས་དྲུག་གི་མཚན་དོན་དང་ཡེ་ཤེས་བསྲེ་བའི་བཤད་པ། བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་རླབས། རྣམ་འཇོམས་བིར་ལུགས་ཀྱི་བཤད་པ། སམྤུ་ཊ། རྡོ་རྗེ་རྣམ་འཇོམས་ཀྱི་རྒྱུད། སྡོམ་གསུམ་རབ་དབྱེ་ལ་སོགས་པ་དྲི་མ་མེད་པའི་བསྟན་བཅོས་མང་དུ་མཛད་དེ་བསྟན་པ་གསལ་བར་མཛད་པ་ཡིན་ནོ། །གསུམ་པ་རྩོད་པ་རྡོ་རྗེའི་ཤུགས་ཀྱིས་ལྟ་ངན་གྱི་བྲག་རི་བཤིག་པའི་ཚུལ་ནི། འདི་ཉིད་རིགས་པའི་དབང་ཕྱུག་གམ་ཆེན་པོར་གྱུར་པར་གྲགས་པའི་འོད་དཀར་རྒྱ་མཚོའི་མཐས་ཀླས་པའི་སའི་དཀྱིལ་འཁོར་ཀུན་ཏུ་འཕྲོ་བར་གྱུར་པ་ན་ཐུབ་པ་ཆེན་པོ་སེར་སྐྱ་དང་། དྲང་སྲོང་རྒྱས་པ་དང་། གཟེགས་ཟན་ལ་སོགས་པའི་རྗེས་སུ་འབྲངས་པའི་གྲངས་ཅན་དང་། རིག་བྱེད་དང་། རིགས་པ་ཅན་པ་ཞེས་གྲགས་ཤིང་དབང་ཕྱུག་དང་། ཚངས་པ་དང་། ཉིན་མོ་ལོང་པ་དང་། ནོར་ལྷའི་བུ་དང་། བྱིན་ཟ་ལ་སོགས་པ་ཆེར་མགུ་བ་དང་། ལྷོ་ཕྱོགས་ཀྱི་རྒྱུད་དུ་རྒྱུ་ཞིང་རྣམ་པར་འཕྱན་པ་འཕྲོག་བྱེད་དགའ་བོ་ལ་སོགས་པའི་ཕྱི་རོལ་པའི་སྟོན་པ་དྲུག་གིས་དམ་བཅས་པ། ཁོ་བོ་ཅག་ཁ་བ་ཅན་གྱི་ལྗོངས་སུ་སོང་ལ། དེ་ན་གནས་པའི་སྐྱེ་བོ་གཽ་ཏ་མའི་དགེ་སློང་དུ་ཁས་འཆེ་བ། བུད་མེད་ཀྱི་བརྟུལ་ཞུགས་འཛིན་ཅིང་ལྟ་བ་དང་སྤྱོད་པ་ངན་པ་ལ་ཞེན་པ་དེ་བཟློག་པར་བྱའོ་ཞེས་གླེང་སྟེ་མཐར་སོང་པ་དང་། བདག་ཅག་གི་བླ་མ་རྒོལ་བ་ངན་པའི་ཁྱུ་མཆོག་གི་སྤྱི་གཙུག་རྣམ་པར་གནོན་པའི་སེང་གེ་འདི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་ལས་བྱང་ཕྱོགས་སུ་དཔག་ཚད་བཅུ་ཕྲག་དྲུག་