R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༡ན
[A:༦༡ན]བགྲོད་པ། མང་ཡུལ་སྐྱིད་གྲོང་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་འདབ་འབྱོར་བའི་ཚོང་འདུས་ན་བཞུགས་པའི་ཚེ། སྔར་སྨོས་པའི་སྟོན་པ་དྲུག་པོ་དེར་ལྷག་པ་ན་ཆོས་རྗེ་ཉིད་དང་། བདེ་བར་གཤེགས་པའི་རྟེན་ལ་ཕྱག་མི་འཚལ་བར། བདེ་ལེགས་དང་བསྔགས་པར་འོས་པའི་ཚིགས་སུ་བཅད་པ་རེ་རེ་ཙམ་བརྗོད་ནས་གྲལ་ལ་འཁོད་པ་ན་འདི་སྐད་སྨྲས་ཏེ། ངེད་ཀྱི་རིགས་ཐམས་ཅད་ནི་བླ་མ་ཚངས་པ་ནས་བརྩམས་ཏེ་དེང་སང་གི་བར་དུ་གཽ་ཏ་མའི་བསྟན་པ་ལ་མི་ལྟོས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མ་མྱོང་བས་དྲང་སྲོང་གི་རིགས་རྣམ་པར་དག་པ་ཁོ་བོ་ཅག་ཡིན་ནོ་ཞེས་དྲེགས་ཤིང་སྨྲ་བར་བྱེད་དོ། །དེའི་དུས་ཆོས་ཀྱི་རྗེ་འདིས་གསུངས་པ་ནི། ཅི་ཚངས་པ་ནི་སྟོན་པ་ལ་ཤིན་ཏུ་གུས་པ་ཡིན་ན། འོན་ཀྱང་དེ་གཏི་མུག་ཆེ་བས་གཉིད་ཀྱིས་ནོན་པ་མིན་ནམ། ཇི་སྐད་དུ། རབ་མཆོག་ལག་པ་བཞི་པ་བཅུ་དྲུག་ཕྱེད་ཕྱེད་ཕྱོགས་ཀྱི་གདོང་པ་ཅན། །བཟླས་དང་ངེས་པའི་ཆོ་ག་ཤེས་ཤིང་ངེས་བརྗོད་རིག་བྱེད་འདོན་པ་པོ། །དྲི་མེད་པདྨའི་སྐྱེ་གནས་ཚངས་པ་དེ་ཡང་གཉིད་ལོག་གྱུར། །ཞེས་དང་། ཁོ་བོའི་སྟོན་པ་སྟོབས་བཅུ་མངའ་བ་དེ་ནི་རྟག་ཏུ་རབ་ཏུ་སྔ་བ་ཉིད་དུ་ནམ་ལངས་པའོ་ཞེས་གསུངས་པས། དེ་དག་ཤིན་ཏུ་མ་བཟོད་ཅིང་མ་རངས་པས་འབེལ་བའི་གཏམ་གྱི་སྐབས་རྙེད་དེ། རྒོལ་བ་ངན་པ་དེ་ཐམས་ཅད་རེ་རེ་ནས་སུན་ཕྱུང་ཞིང་ཕམ་པར་མཛད་དེ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་ནས། སླར་ཡང་དེ་ཐམས་ཅད་ཀྱི་ལྟ་བ་ངན་པའི་སྙེམས་པའི་དྲི་མ་མེད་པར་མཛད་དེ། རལ་པའི་ཁུར་དྲེགས་ནས་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། ངེས་པར་འབྱུང་བ་རིན་པོ་