R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༩ན
[A:༥༩ན]གདམས་པ་དང་། སྙེ་མོ་སྒོམ་ཆེན་པ་སོགས་སྒོམ་ཆེན་པ་མང་པོས་ཞུས་པའི་ལན་མཛད་པ་མང་པོ་དང་། ཐུབ་པ་དང་འཇམ་དབྱངས་སོགས་ལ་བསྟོད་པ་ལ་སོགས་པ་མང་པོ་མཛད་དོ། །དེ་ལྟ་བུའི་རྩོམ་པ་རྣམས་ཀྱང་འབད་རྩོལ་ལ་མི་ལྟོས་པར་འབྱུང་བ་དང་། ཚིག་ཉུང་ངུས་ཀྱང་དོན་རྒྱ་ཆེན་པོ་སྟོན་པ་དང་། བླུན་པོས་བལྟས་ན་གོ་སླ་བས་དོན་གསལ་བ་དང་། ཚིག་གི་རྒྱན་བཟང་པོས་མཁས་པ་རྣམས་ཡིད་འཕྲོག་པར་བྱེད་པ་དང་། མཁས་པར་རློམ་པ་བརྒྱའི་བློ་གྲོས་ཕྱོགས་གཅིག་ཏུ་བསྡོམས་པས་ཀྱང་དཔྱོད་པར་མི་ནུས་པའི་དོན་ཟབ་མོ་སྟོན་པ་ཡིན་ཏེ། འཕགས་པས། རྩོམ་པ་འདི་འདྲ་མྱུར་འཇུག་པ། །གློག་འགྱུ་བས་ཀྱང་ཆེས་མྱུར་ཞིང་། །རྩོལ་བ་མེད་པར་འབྱུང་བ་ནི། །མཚོ་ལྟར་ངང་གིས་ལྷུན་གྲུབ་ལགས། །དེ་དོན་ཕུན་སུམ་ཚོགས་གྱུར་པ། །རློམ་ཆེན་བློ་ཡི་དབང་པོ་མཆོག །འགས་ཀྱང་སྔོན་ཆད་མ་དཔྱད་པ། །དཔྱོད་ལྡན་གང་གིས་རྣམ་དཔྱད་པ། །ཡིད་གསལ་བགྱིད་པ་གངས་རིའི་རྩེར། །ཉི་མ་ཤར་བ་ལྟ་བུ་སྟེ། །ཀུན་ནས་དགའ་བ་བསྐྱེད་པ་ནི། །བསམ་གཏན་རོ་མྱོང་ལྟ་བུར་མཆིས། །ཞེས་པ་ལྟར་རོ། །འོན་ཀྱང་བདག་ཉིད་ཆེན་པོ་འདིས་བྱིས་པ་བདེ་བླག་ཏུ་འཇུག་པ་དང་། བསྟོད་པ་རྒྱུད་གསུམ་འཁོར་ལོའི་འགྲེལ་པ་སོགས་འགའ་ཞིག་ལས་གཞན་གྱིས་བྱས་པའི་བསྟན་བཅོས་དང་། རྒྱུད་ཀྱི་འགྲེལ་པ་ཚིག་རེ་རེ་ནས་འབྱེད་པ་ནི་མ་མཛད་ཅིང་། འཇམ་དབྱངས། རྣམ་འཇོམས་བིར་ལུགས། ཁྲོ་བོ་དམེ་བརྩེགས་སྒྲུབ་ཐབས་ཉུང་ངུ་ཅུང་ཟད་མ་གཏོགས་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་དང་། དེའི་ཆོ་ག་སོགས་རྒྱ་ཆེར་མ་