R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༨ན
[A:༥༨ན]ཡང་། སྡེ་བདུན་གྱི་ལྷག་མ་དང་། ཆོས་མངོན་པ་གོང་མ་དང་། བྱམས་པའི་ཆོས་རྣམས་དང་། བདེ་མཆོག་དང་། གསང་བ་འདུས་པ་ལ་སོགས་པའི་རྒྱུད་དང་། དེ་དག་གི་འགྲེལ་པ་མང་པོ་ཞིག་ནི་དེང་སང་ནུབ་པར་གདོན་མི་ཟའོ། །གཞན་ཡང་སོ་སོར་ཐར་པའི་སྡོམ་པ་དང་། སྨོན་འཇུག་སེམས་བསྐྱེད་དང་། རྒྱུད་སྡེ་བཞི་དང་འབྲེལ་པའི་སྨིན་བྱེད་དབང་དང་། གྲོལ་བྱེད་ཀྱི་ལམ་བྱིན་རླབས་དང་། རྗེས་གནང་དང་། ཁྲིད་ལ་སོགས་པ་མཐའ་ཡས་པ་ཞིག་གིས་ནི་དེང་སང་ཡང་མ་ནུབ་པར་ཡོད་དོ། །གཉིས་པ་རྩོམ་པ་རིན་པོ་ཆེའི་ཕྲེང་བས་མཁས་པའི་ཡིད་འཕྲོག་པར་མཛད་པའི་ཚུལ་ནི། གནས་སྐབས་ཐམས་ཅད་དུ་མཁས་པ་རྣམས་ཀྱི་བློ་མཚོའི་བརྗོད་འདོད་དམ་པའི་རླུང་གིས་བསྲུབས་པ་ལས་བྱུང་བའི་རིན་པོ་ཆེའི་ཕྲེང་བའི་བློ་གསལ་ཞིང་ཡིད་གཞུངས་པའི་དེད་དཔོན་དགའ་བ་བསྐྱེད་པའི་ཕྱིར་དང་། ཆོས་རྗེ་ཉི་མའི་དཀྱིལ་འཁོར་གྱིས་སྐྱེ་དགུ་རྣམས་ཀྱི་མི་ཤེས་པའི་མུན་པ་བསལ་བའི་ཕྱིར་དང་། རྟ་མཆོག་འགྲོ་བའི་ཚེ་ན་ཤེས། །གླང་ཆེན་གཡུལ་ངོར་ཤེས་འགྱུར་ཏེ། །གསེར་དངུལ་བཞུ་ན་ཤེས་པར་འགྱུར། །མཁས་པ་ལེགས་བཤད་བརྩམས་ན་ཤེས། །ཞེས་པ་ལྟར་རང་ཉིད་ཀྱི་ཐུགས་ཀྱི་རྣམ་པར་ཐར་པ་རྨད་དུ་བྱུང་བ་ཡང་བསྟན་པའི་ཕྱིར་དུ་དྲི་མ་མེད་པའི་བསྟན་བཅོས་དུ་མ་མཛད་པ་ཡིན་ནོ། །འདི་ལ་གཉིས་ལས། སྤྱིར་བསྟན་བཅོས་མཛད་པའི་རྣམ་གྲངས་ནི། འཇིག་རྟེན་གྱི་ཆོས་ལུགས་བཟང་པོ་སྟོན་པའི་ཐབས་ཀྱིས་དམ་པའི་ཆོས་ཀྱི་ལམ་སྟོན་པ། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བ་ཕྱི་ནང་གི་སློབ་དཔོན་རྣམས་ཀྱིས་བསྟན་བཅོས་