[A:༥༧བ]འདྲ་སྒྲོག་པར་བགྱིད་པའི་ངག །ཤེས་ལྡན་གང་གིས་ཐོས་དེ་ཡང་། །གཡེང་བ་གཞན་གྱིས་མི་གཡེང་བར། །རྩེ་གཅིག་འདུན་པར་གྱུར་པ་ནི། །དྲི་ཟའི་བུ་མོའི་དབྱངས་སྙན་དང་། །ཁུ་བྱུག་མྱོས་པའི་དབྱངས་ཀྱིས་ཀྱང་། །དཔེ་ཙམ་ཉིད་དུ་ཡང་མི་བཟོད་ན། །སྒྲ་གཞན་ཟིལ་གནོན་སྨོས་ཅི་དགོས། །ཞེས་པ་ལྟར་རོ། །ཐུགས་ཀྱི་སྤྱོད་པ་ཡང་སྔར་བཤད་པ་ལྟར། མཁྱེན་རབ་ཐུགས་རྗེ་འབའ་ཞིག་གིས། །སྐྱོ་བ་མེད་པར་གསུངས་པས་ན། །སྒོ་གསུམ་ཀུན་སྤྱོད་རྣམ་དག་པས། །བསྟན་པ་བསྲུང་ཕྱིར་གུས་པས་བསྒྲུབ། །ཅེས་པའི་ཀུན་སྤྱོད་དང་ལྡན་པའི། །གཙང་མཁས་གཞན་ལ་ཕན་པར་འདོད། །ཅེས་ཉིད་ཀྱིས་གསུངས་པའི་ཡོན་ཏན་དང་། མདོ་སྡེ་རྒྱན་ལས། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་དབུས་ན་ཉི་མ་བཞིན་དུ་ལྷམ། །ཞེས་པ་དང་། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང་། །གཟུ་བོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་པ་དག་དང་ལྡན་པ་ཡིན་ནོ། །དེས་ན་བདག་ཉིད་ཆེན་པོ་འདི་ལས་འོངས་པའི་གཞུང་ལུགས་ཆེན་པོའི་བཤད་སྲོལ་ནི་ཚད་མ་རྣམ་འགྲེལ་དང་། རིགས་པའི་གཏེར་དང་། ཆོས་མངོན་པ་མཛོད་དང་། ཀྱེ་རྡོ་རྗེའི་རྒྱུད་གསུམ་དང་། གཞུང་ཆེན་པོར་མ་གྲགས་ཀྱང་བཤད་པའི་གཞི་ཤིན་ཏུ་མང་བར་སྣང་བས། རྡོ་རྗེའི་ཚིག་རྐང་དང་། ཐུབ་པ་དགོངས་གསལ་དང་། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལ་སོགས་པ་འགའ་ཞིག་ལས་དེང་སང་མི་སྣང་