R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༧ན
[A:༥༧ན]མ་ཆག་པར་མཛད་པའི་དམ་བཅའ་མཛད་པས་དེང་སང་གི་བར་དུའང་བསྟན་པ་རྒྱས་པར་མཛད་པ་ཡིན་ནོ། །གཞན་ཡང་བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བ་སྨོན་པའི་བྱང་ཆུབ་ཀྱི་སེམས་རྣལ་མ་རྒྱུད་ལ་སྐྱེས་ནས་དེ་ཕྱིན་ཆད་གཞན་དོན་དུ་བྱང་ཆུབ་ཀྱི་སེམས་མ་སྤངས་ན་མཚམས་མེད་པ་ལྔ་བྱས་ཀྱང་མི་ཉམས་ཤིང་། བསོད་ནམས་མཁའ་དང་མཉམ་པ་འབྱུང་བས་ཕན་ཡོན་ཆེ་ཞིང་བསྲུང་སླ་བར་དགོངས་ནས། བདག་ཉིད་ཆེན་པོ་འདི་དད་པ་དང་ལྡན་པ་རྣམས་ཀྱིས་སྤྱན་དྲངས་ནས་ཕྱོགས་དང་ཕྱོགས་སུ་ཡང་ནས་ཡང་དུ་བྱོན་པས། སྐྱེ་བོ་མང་པོ་འགའ་ཞིག་སྔོན་གྱི་དགེ་བའི་རྩ་བས་བསྐུལ་ཞིང་འགའ་ཞིག་ལྟད་མོའི་བསམ་པས་ཀྱང་འདུས་པས་ན་ཆེད་དུ་གཉེར་ནས་མ་ཞུས་ཀྱང་། དབུ་མ་ལུགས་ཀྱི་སེམས་བསྐྱེད་རྒྱས་བསྡུས་གང་རུང་རེ་གསུངས་ནས། ཕྱོགས་དེར་ཞག་འགའ་བཞུགས་ན་དེ་ཉིད་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་དུ་བསླབ་བྱར་ཐུབ་པ་དགོངས་གསལ་ཚར་རེ་གསུངས་པ་ཡིན་ཏེ། བསྟན་བཅོས་འདིའི་མཇུག་ན། ངས་ཆོས་འདི་དབུས་གཙང་ཁམས་གསུམ་ཐམས་ཅད་དུ་བཤད་པས། ངས་སློབ་མ་རྣམས་ཀྱི་ལུང་ཐོབ་པ་ཡིན་པས་མ་དཔེ་འདི་ལ་ལྟོས་ལ་ཤོད་ཅེས་གསུངས་པས་སོ། །ཐ་ན་འཇིག་རྟེན་གྱི་བྱ་བ་བསྒྲུབ་པའི་ཐབས་སྟོན་པའི་གྲོས་ལེགས་པར་གསུངས་པས་ཀྱང་ཕན་པར་མཛད་པ་ཡིན་ནོ། །དེ་ལྟར་སྟོན་པའི་གསུང་གི་རིག་བྱེད་ཀྱང་སྒྲ་མང་པོ་ཟློས་པ་ལ་སོགས་པའི་སྐྱོན་དང་བྲལ་ཞིང་། བརྡ་དག་པ་དང་། དབྱངས་སྙན་པ་དང་། འབྲེལ་ཆགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ཡིད་འཕྲོག་པར་བྱེད་པ་ཡིན་ཏེ། འཕགས་པས། འདི་