R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༦བ
[A:༥༦བ]བའི་མ་ལྟར། བཟོད་གླགས་མེད་པའི་ཐུགས་རྗེ་ཆེན་པོ་དེ་ལྟ་བུའི་སྡུག་བསྔལ་ལས་ཐར་བའི་ཐབས་ཀྱང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་ཞིང་། བདག་ཉིད་ཀྱང་དེ་ལྟ་བུ་སྟོན་པའི་སྟོན་པར་འགྱུར་བའི་སྨོན་ལམ་རྒྱ་མཚོའི་རྡུལ་དང་མཚུངས་པ་ལེགས་པར་གྲུབ་པའི་རླུང་གི་བཞོན་པས་ཤེས་བྱའི་མཁའ་ལ་ལེགས་པར་དྲངས་ཏེ། ལེགས་པར་བཤད་པའི་འོད་ཟེར་མཐའ་ཡས་པ་ཕྱོགས་བཅུར་འཕྲོས་ཏེ། གདུལ་བྱ་རྣམས་ཀྱི་མི་ཤེས་པའི་མུན་པ་དྲུངས་ནས་ཕྱུང་ཞིང་ཕན་པ་དང་བདེ་བའི་པདྨོའི་ཚལ་ཕྱོགས་བཅུར་རྒྱས་པར་མཛད་པས་ན། ལེགས་པར་བཤད་པ་རིན་པོ་ཆེའི་ཚོགས་ཀྱི་འབྱུང་གནས་སུ་གྱུར་པ་ཡིན་ཏེ། དེ་ཡང་རིག་པའི་གནས་དེ་དག་སློབ་མའི་ཚོགས་ལ་རང་རང་གི་སྐལ་བ་དང་འཚམས་པར་སྟོན་པ་ལ་ནམ་ཡང་གཡེལ་བ་མི་མངའ་ཞིང་། ཁྱད་པར་དུ་འཁོར་བའི་སྡུག་བསྔལ་གྱི་རྩ་བ་བདག་ཏུ་མངོན་པར་ཞེན་པ་ཡིན་ཞིང་། དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཡིན་ཅིང་། དེ་ཡང་རིག་པའི་གཞུང་ལུགས་ཤེས་པ་སྔོན་དུ་འགྲོ་བ་ཡིན་ལ། རིག་པའི་གཙོ་བོ་མཐའ་བྲལ་དབུ་མའི་གཞུང་ལས་འབྱུང་ཞིང་། དེ་རྟོགས་པ་ཡང་རྣམ་འགྲེལ་མཛད་པའི་གཞུང་ལ་རག་ལས་པར་དགོངས་ནས། དེའི་གཞུང་གི་གཙོ་བོ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་བཤད་པ་བདག་ཉིད་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱིས་ཅུང་ཟད་ཚུགས་ནའང་བར་སྐབས་སུ་ནུབ་པ་ལ། སླར་ཡང་དར་ཞིང་རྒྱས་པར་བྱ་བའི་ཕྱིར་དང་། ཁ་ཆེ་པཎ་ཆེན་གངས་རིའི་ཁྲོད་དུ་བྱོན་པའི་བཀའ་དྲིན་གྱིས་ལམ་པོ་ཆེ་དོད་པར་བྱ་བའི་ཕྱིར། གཞུང་ལུགས་ཆེན་པོའི་ཆོས་ཐུན་རེ་ཉིན་རེ་བཞིན་