R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༥བ
[A:༥༥བ]ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དུ་ཐུགས་སུ་ཆུད་པ་ཡང་ས་དང་པོ་མཐོང་བའི་ལམ་ཐོབ་ནས་འབྱུང་བ་ཡིན་ལ། ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཡང་ས་དང་པོ་མཐོང་བའི་ལམ་ལ་གནས་པ་ཕྱིར་མི་ལྡོག་པའི་རྟགས་སུ་གསུངས་ཏེ། མངོན་པར་རྟོགས་པའི་རྒྱན་ལས། ཆོས་ནི་རྡུལ་ཙམ་མི་དམིགས་དང་། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང་། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་དང་། དེའི་འགྲེལ་པར། སྦྱིན་པ་ལ་སོགས་པའི་ཁྱད་པར་རྟོགས་པས་སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་ལ་སྦྱོར་བ་དང་། རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་། ཆོས་ཐམས་ཅད་རྣམ་པར་ཐར་པ་སྒོ་གསུམ་གྱི་ངོ་བོ་ཉིད་ཡིན་པས་རྟོགས་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་པ་དང་། མངོན་པར་ཡིད་ཆེས་པ་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་རང་གི་ས་ལ་ཇི་ལྟ་བ་བཞིན་དུ་ངེས་པ་ཉིད་ཀྱི་གནས་པ་དང་། གཅིག་ཏུ་གཞོལ་བ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཞེས་བྱ་བ་བཞི་ནི་ལམ་གྱི་རྣམ་པ་ཡིན་ཏེ། དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་རྣམ་པ་བཅུ་དྲུག་གིས་བསྡུས་པ་འདི་རྣམས་ཡང་དག་པར་ཐོབ་པས་ན་དག་པ་འཇིག་རྟེན་པར་བཟུང་བ་དང་། འཛིན་པ་མངོན་པར་མ་ཞེན་པའི་རྣམ་པ་ཅན་རྗེས་ཀྱི་སེམས་ཀྱིས་བསྡུས་པས་རང་དང་མཐུན་པའི་འབྲས་བུ་གཟུགས་ལ་སོགས་པའི་འདུ་ཤེས་བཟློག་པ་ལ་སོགས་པ་བསྐྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་